ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་མཛད་སྒོ་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བཙན་ཐང་སྡེ་ཁུལ་དུ་གཉེར་བ་རེད། དེ་ནི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཕར་སྣོན་བརྟན་པོ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད་ལ། “འགོ་ཡག་པོ་འཛུགས་པར”སྐུལ་འདེད་གཏོང་བ་དང“ལོ་ཧྲིལ་པོའི་བརྟན་པོ”འགན་ལེན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན་པས། ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་ལ་མ་དངུལ་འཇོག་་པའི་ཆོད་སེམས་དང་བྱ་སྤྱོད་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྟོན་ཕྱོགས་དེ་བས་མངོན་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི་གཙོ་གནད་རྣམ་གྲངས་གྲས་སུ་རྩེད་ཐང་གི་གྲོང་ཁུལ་ལྟེ་བའི་ཆུ་ལོག་སྔོན་འགོག་ཆུ་རགས་ལས་གྲྭ(དུས་ཐེངས་གཉིས་པ)དང་། ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས། ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་ཁུལ་གྱི་མདོང་ལམ་དྲ་བའི་སྒྱུར་བཀོད་རྣམ་གྲངས། སྣེ་གདོང་ཆུས་ཚད་ལྡན་ཅན་གྱི་འཁོར་ཁང་། རྩེད་ཐང་ཆུས་ཞིང་འབྲོག་ཐོན་རྫས། ཁྱིམ་ཆས་འཛུགས་སྐྲུན་རྒྱུ་ཆ། རླངས་འཁོར་ལྷུ་ལག་སྒྲིག་སྦྱོར་གྲོང(མཛོད་ཁང་དང་ཟོག་འགྲེམས)གི་རྟེན་གཞིའི་རྣམ་གྲངས་སོགས་ཚུད་ཡོད་ཅིང་། རྣམ་གྲངས་དེ་དག་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚོང་ལས་ཕྱོགས་བསྡུས་གསར་སྤེལ་སོགས་ཕྱོགས་གང་སར་ཁྱབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་སྣེ་གདོང་ཆུས་ཀྱིས་འཆར་གཞི་ལྟར་རྣམ་གྲངས་121(གྲོང་ཁྱེར་ཐད་གཏོགས་ཚུད་པ)ལག་བསྟར་བྱ་རྒྱུ་ཡིན་པར། ཁྱོན་མ་དངུལ་སྒོར་དུང་ཕྱུར་50.95ཟིན་པ་དང་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་39.16བཏང་ཚར་བ་བྱེད་རྒྱུ་རེད། ཟླ་དང་པོ་ནས་གཉིས་པའི་བར་གཅིག་སྡུད་ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས་69(གྲོང་ཁྱེར་ཐད་གཏོགས་ཚུད་པ)ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་28.15བཏང་བ་དང་། དུས་ཚིགས་དང་པོར་འཆར་གཞི་ལྟར་ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས་93(གྲོང་ཁྱེར་ཐད་གཏོགས་ཚུད་པ)ལས་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་34.63གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།