ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ64འཁོར་བར་དྲན་གསོ་ཞུས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་བཅོ་ལྔ་པ་བསུས་ཤིང་། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ64འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།

སྔ་དྲོའི་ཆུ་ཚོད10པར། ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དམག་མིའི་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས2000ལྷག་ཙམ་གྱི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་གཉེར་བ་རེད།

རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར”དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

“དེ་རིང་ང་ཚོས་གཙང་སྦྲ་དོད་ལ་རྒྱ་ཆེ་བའི་སློབ་ཁང་ནང་སློབ་སྦྱོང་བྱས་པ་མ་ཟད། ལུས་རྩལ་ཐང་དུ་དགའ་སྤྲོའི་ངང་རྒྱུག་ཤར་གློད་པ་ཡིན། ང་ཚོས་ནམ་ཡང་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་ཡིན”ཞེས་སློབ་མའི་འཐུས་མི་བློ་བག་གིས་བརྗོད།

ཕྱི་དྲོའི་ཆུ་ཚོད4པར། “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཡིན་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཐང་ཆེན་དུ་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི300ལྷག་ཙམ་གྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར”སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། དེ་ཉིན་གྲོང་ཚོ་དེར་གནས་པའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་ཡང་བཤམས་སྟོན་བྱ་ཐབས་ལེགས་སུ་གཏོང་བའི་ལས་དོན་ལེགས་གྲུབ་བྱུང་ནས་ཕྱི་ཕྱོགས་སུ་ཡང་བསྐྱར་སྒོ་ཕྱེ་ཞིང་། པར་རིས209དང་། ཡུལ་ལྗོངས་ཁག10 འཇིམ་བརྐོས22 དངོས་རྫས50ལྷག་ཙམ་བཅས་འགྲེམས་སྟོན་བྱས་པ་དང་། བོད་གསར་རྙིང་བསྡུར་བ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁེ་གསུམ་སྡེ་ཁུལ་གྱི་མང་ཚོགས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད་པ་རེད།

ས་བབ་མཐོ་ཚད་སྨི4600ཡི་སར་བཅའ་སྲུང་བྱེད་མཁན་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་གི་དཔོན་དམག་ཚོས་བཅའ་སྡོད་བྱ་ཡུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དྲན་གསོའི་བྱེད་སྒོ་སྤེལ་བ་རེད།

ལོ82ལ་སླེབས་པའི་བགྲེས་སོང་ཚེ་རིང་རྣམ་རྒྱལ་ནི་བོད་གསར་རྙིང་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་ཞིང་། རྩ་མདའ་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་རྗེས། ཚེ་རིང་རྣམ་རྒྱལ་གྱིས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་མི་དམངས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པའི་ཡིད་ཆེས་ཡོད”ཅེས་སེམས་འགུལ་ཐེབས་བཞིན་བརྗོད།

དེ་ཉིན་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་གྱིས“ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས“དཔྱིད་རླུང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི”དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་སྤུས་རྟགས་གཞི་རྟེན་དུ་བྱས་ནས“གཤམ་སྤེལ་གསུམ”དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སོགས་ཀྱི་ཤེས་དཔལ་ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།