ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ནོར་སྲིད་སྡེ་ཚན་གྱིས་ལག་བསྟར་བྱས་འཐུས་ཀྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་ཏེ་གཉེར་སྐྱོང་བྱེད་པོར་ཞབས་འདེགས་ཞུ་བ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་གནོན་ཤུགས་ཞི་ལྷོད་དུ་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་དངོས་ཚན་དཔལ་འབྱོར་ལ་ནོར་སྲིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

ཆེད་སྤྱོད་མ་དངུལ་གྱི་རྒྱབ་སྐྱོར་ཐད། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་བཙུགས་ནས་ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ་དང་མ་དངུལ་བཏང་ནས་ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁེ་ལས་འབྲིང་ཆུང་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་མཐོ་ནུས་སྐྱེད་ལ་རྒྱབ་སྐྱོར་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་ཆེད་སྤྱོད་མ་དངུལ་བཙུགས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རིགས་ཀྱི་རྣམ་གྲངས་དང་། “གཉིས་གཏོད”ཀྱི་འབྲེལ་ཡོད་ཚན་རྩལ་གསར་གཏོད་རྣམ་གྲངས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་ཆེའི(གལ་ཆེན)ཚན་རྩལ་རྣམ་གྲངས་སོགས་ལ་རྒྱབ་སྐྱོར་བྱས་པ། ཀྲུང་དབྱང་ནོར་སྲིད་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་དོན་འཁྱོལ་བྱས་ཏེ་ཁེ་ལས་ཆུང་ཕྲན་གྱི་མ་དངུལ་བསྡུ་སྒྲིལ་དང་ཁག་ཐེག་ལས་སྒོ་རྒྱ་སྐྱེད་དུ་བཏང་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ཡོད།

ཁྲལ་རིན་གཉིས་གཅོག་དོན་འཁྱོལ་ཐད། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས། ཟླ་རེར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་10(གྲངས་གནས་འདི་ཚུད་པ)མན་གྱི་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་གནས་ཐང་འཕར་ཁྲལ་རྩ་ཆག་བཏང་བ་དང་། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་ལ་འཚམ་པའི་བསྡུ་ཚད་3%གྱི་ཁྲལ་ཚུད་བྲིན་ཚོང་ཡོང་འབབ་དེ་བསྡུ་ཚད་1%ལ་བཅག་ནས་གནས་ཐང་འཕར་ཁྲལ་བསྡུས་པ། སྔོན་བསྡུ་བྱེད་ཚད་3%གྱི་སྔོན་འཇལ་གནས་ཐང་འཕར་ཁྲལ་གྱི་རྣམ་གྲངས་དེ་སྔོན་བསྡུ་བྱེད་ཚད་1%ལ་བཅག་ནས་གནས་ཐང་འཕར་ཁྲལ་སྔོན་འཇལ་བྱེད་དུ་བཅུག་པ་སོགས་བྱས་ཡོད།

ཁེ་ལས་ཆུང་ཕྲན་གྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ཏེ་ཁེ་སྤོགས་ཆུང་བའི་ཁེ་ལས་ཆུང་གྲས་ཀྱིས་ལོ་རེར་འཇལ་དགོས་པའི་ཐོབ་ཁྲལ་གྱི་གྲངས་འབོར་སྒོར་ཁྲི་100ལས་བརྒལ་བ་དང་སྒོར་ཁྲི་300བརྒལ་མེད་པའི་ཆ་ཤས་དེ་25%ལ་བཅག་ནས་འཇལ་དགོས་པའི་ཐོབ་ཁྲལ་གྲས་སུ་བརྩིས་ནས་ཁྲལ་ཚད་20%ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དུ་བཅུག་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།