ཀྲུང་གོ་བོད་ཀྱི་དྲ་བ།

གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ཞབས་ཞུའི་ཕན་འབྲས་ཆེ་རུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— གཏིང་སྐྱེས་རྫོང་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

2022ལོར། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། གཏིང་སྐྱེས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཡུན་རིང་ཐག་གཅོད་མ་བྱུང་བའི་གནད་དོན་རྙིང་པར་དམིགས་ནས་སྤྱོད་ཚུལ་ལ་ཞིབ་བཤེར་དང་ཐོག་མའི་བསམ་འདུན་འདྲི་རྩད་བྱས་ཏེ་ཕྱོགས་མང་པོའི་ཐད་འབད་བརྩོན་བྱས་པ་བརྒྱུད། ཆབ་ཤང་གི་བོད་བྱ་གསོ་ཚགས་རྟེན་གཞིའི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱས་པས། ཉིན་རེར་སྒོ་ང་800ལྷག་ཙམ་ཐོན་པ་དང་། བཤས་གཏོང་བྱ་དེ་5400ཟིན་པ། ལག་ཡོད་བྱ་དེ་3200ལྷག་ཙམ་ཟིན་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ལྷག་ཙམ་ཟིན་པ། སྔོན་དཔག་བྱས་ན་བགོ་འགྲེམས་སྒོར་ཁྲི་11ལྷག་ཙམ་རག་བཟོ་ཡོད་པ། མཉམ་ལས་ཁང་ནང་ཞུགས་མཁན་གྲོང་མི་དུད་ཚང་རེར་ཡོང་འབབ་སྒོར་1500འཕར་བ་རེད།

ཆབ་ཤང་གི་བོད་བྱ་གསོ་ཚགས་རྟེན་གཞིའི་འགྱུར་ལྡོག་ནི་གཏིང་སྐྱེས་རྫོང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བར་ཐོབ་པའི་ཕན་འབྲས་ཤིག་རེད།

གོང་གིས་འོག་ལ་སྣེ་འཁྲིད་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་གང་ཞིག་ལ་དམ་འཛིན་བྱེད་དགོས་པ་དང་ཇི་ལྟར་བྱས་ནས་སྐུལ་འདེད་གཏོང་དགོས་སམ། གཏིང་སྐྱེས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི“ཞིབ་བཤེར་བཞི་དང་འདྲི་རྩད་བཞི”དང་། “དོན་འཁྱོལ་བྱེད་དགོས་པ་བརྒྱད” དེ་བཞིན་གཞིས་རྩེ་གྲོང་ཨུད་ཀྱི“ཚད་བརྒལ་བརྒྱད་དང་འགྱུར་ལྡོག་བརྒྱད”ཀྱི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་གྱིས་བསམ་བློར་བཅིངས་འགྲོལ་ཆེན་པོ་གཏོང་བ་དང་། གནད་དོན་མཐིལ་རྟོགས་ཤུགས་ཆེན་བྱེད་པ། སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་གཏོང་བ། འཇོན་ཐང་ཆེ་རུ་ཤུགས་ཆེན་གཏོང་བ། དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། ལས་དོན་དོན་འཁྱོལ་ཆེན་པོ་བྱེད་པ་བཅས་ཀྱི་བསམ་ཕྱོགས་བཏོན་ཏེ། རྫོང་ཡོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྔར་བས་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།

གཏིང་སྐྱེས་རྫོང་དུ་རྫོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ཏེ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འབྲེལ་ཡོད་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས་དམིགས་ཚད་དང་། ལས་འགན། བྱ་ཐབས་བཅས་ཁ་གསལ་བཟོས་པ་མ་ཟད། ལག་བསྟར་ཇུས་གཞི་སོགས་སྤྱོད་ཚུལ་ལས་དོན་གྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་27སྔ་རྗེས་སུ་བཀྲམ་སྟེ་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་དོ་དམ་བྱེད་མཁན་ཡོད་པ་དང་ཚང་མ་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་བ་རེད།

བརྟག་ཞིབ་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་བ། གཏིང་སྐྱེས་རྫོང་གིས་ལས་བྱེད་པས་འགན་གཙང་བླངས་པའི་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་ཚང་མར་ཐེངས་རེ་སྐྱོད་པ་དང་། མཐིལ་རྟོགས་ཐེངས་རེ་བྱེད་པ། ཆེད་དོན་ཏང་གི་སློབ་ཚན་ཐེངས་རེ་ཁྲིད་པ། སྙིང་གཏམ་ཤོད་རེས་ཐེངས་རེ་བྱེད་པ། གཞི་རིམ་གྱི་གྲོགས་པོ་ཁག་གཅིག་སྒྲིག་པ། རང་སྐྱོན་རང་བཤེར་ཐེངས་རེ་བྱེད་པ། ཕྱོགས་བསྡུས་སྙན་ཞུ་ཐེངས་རེ་འབུལ་བ་བཅས་ཀྱི་གཏན་འབེབས་བཟོས་ནས་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་བརྟག་ཞིབ་དཔྱད་ཡིག་18འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་། དམངས་འཚོའི་གནད་དོན་ཁག་104ཕྱོགས་སྡོམ་བྱས་པ་རེད།

དམངས་འཚོའི་དོན་དངོས་ལ་དམིཌ་ནས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།

གཏིང་སྐྱེས་རྫོང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་ཕན་འབྲས་དམངས་འཚོའི་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱས་པ་རེད།

རྫོང་ཨུད་ཧྲུའུ་ཅིའི་ཡིག་སྒམ་དང་རྫོང་དཔོན་གྱི་ཡིག་སྒམ་ཤར་གཏོང་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཡོངས་བསྒྲགས་ལྟ་སྐུལ་ཐབས་ལམ་4ཁྱབ་བསྒྲགས་བྱས་པ་དང་། ཏང་གི་འཐུས་མིའི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཁྱོན་བསྡོམས་109བསྡུ་ལེན་བྱས་པ། འཐུས་མིའི་བསམ་འཆར་86ལ་ལན་བརྒྱབ་པ་རེད།

མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པར་ཞུས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་དམངས་ཕན་འབྲེལ་གཏུག་གཱ་བཟོ་བ་དང་སྤྲད་པ་བརྒྱུད་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱེད་པ་དང་། འགལ་ཟླ་སེལ་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱ་ཆེད། མིག་སྔར་རིམ་རྩིས་བྱས་ན་འབྲེལ་གཏུག་གཱ་2000ལྷག་ཙམ་སྤྲད་པར་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

འགག་གནད་ལ་དམ་འཛིན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་བཏང་བ།

སྤྱོད་ཚུལ་ལེགས་མིན་གྱི་འགག་རྩ་གཞི་རིམ་ལ་ཐུག་ཡོད། གཏིང་སྐྱེས་རྫོང་གིས་ཤང་དང་གྲོང་རྡལ་འདི་ཉིད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ནས་གཙོ་གནད་ལས་འགན་ཁག་ལ་དམིགས་ཏེ་ཇུས་འགོད་ཞིབ་ཚགས་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

སྲིད་དོན་ལས་རྗེས་ལ་དཔྱད་ཞིབ་བྱེད་པའི“བཀོད་འདོམས་དབྱུག་པ”ཡག་པོ་སྤྱད་དེ་ཕྱོགས་གཅིག་ནས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ཕྱོགས་གཞན་ཞིག་ནས་ལས་བྱེད་པའི་སྤྱོད་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་ཏེ་ལས་བྱེད་པ་ཚོགས་འདུར་ཕྱི་འབྱོར་དང་། ལས་ཀར་ཕྱི་འབྱོར་སྔ་ལོག ན་རྫུ་འདེབས་པ། དགོངས་པ་ཞུ་བ་དང་དགོངས་དུས་ཐིམ་ཞུའི་ལམ་ལུགས་ལག་བསྟར་ནན་པོ་མི་བྱེད་པ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་ཤུགས་ཆེན་བྱས་པ་རེད།

རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་པ། འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་འགག་སྒྲོལ་བྱ་ཡུལ་ནང་བཅུག་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙོ་གནད་ལས་དོན་ཁག་སྦྲེལ་མཐུད་ནུས་ལྡན་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་པར་སྐུལ་འདེད་བཏང་ཞིང་། 2022ལོར་འདྲེན་ཐང་གྲོང་རྡལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཤང་དང་གྲོང་རྡལ་གྱི་མཚན་སྙན་ཐོབ་པ་དང་གཏིང་སྐྱེས་རྫོང་ལ་སྔ་རྗེས་སུ“རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”དང“གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།