ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་ཆེན། བརྗིད་ཆེའི་དུས་རབས་ཀྱི་ལེའུ་གསར།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བའི་སྐབས་སུ་བྲིས།

“3·28”ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངོས་ནས་བརྗོད་ན། དམིགས་བསལ་གྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རེད། ལོ་64ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པ་དང་བོད་ཀྱི་མི་དམངས་བྲན་དུ་བཀོལ་བའི་ལོ་ངོ་སྟོང་གི་ལྕགས་སྒྲོག་ལྕི་པོ་གཏོར་ནས། “འཛམ་གླིང་གི་ས་བབ་མཐོ་ཤོས་སུ་གནས་ཀྱང་འཛམ་གླིང་གི་གནས་བབ་དམའ་ཤོས་སུ་འཚོ་བཞིན་པའི”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། ལོ་64ཡི་རིང་། ཏང་གི་འོད་སྟོང་འཕྲོ་བའི་འོད་ཟེར་འོག བོད་ཀྱི་མི་དམངས་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་སྐྱོད་པ་མ་ཟད། ད་ཆ་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།

མི་ཚེ་གསར་པ་བསུས། མུན་ནག་ནས་འོད་ཟེར་ཕྱོགས་སུ་བསྐྱོད།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པའི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་ཕུ་ཤར་གྲོང་ཚོའི་གྲོང་མི་ཉི་མ་མཚམས་གཅོད་ཀྱི་ངོས་ནས་བརྗོད་ན། དོན་སྙིང་ཆེན་པོ་ལྡན་ཡོད།

ཉི་མ་མཚམས་གཅོད་ཀྱི་ཨ་མ་ལྷག་པ་1945ལོར་སྐྱེས། ཆུང་དུས་ལྷག་པའི་ཨ་མ་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་མིག་གཉིས་ལོང་ནས་ལས་ཀ་བྱེད་ཐབས་བྲལ། ཞིང་བྲན་བདག་པོས་ཡ་ང་སྙིང་རྗེ་མེད་པར་གཞིས་ཀ་ནས་ཕྱིར་འབུད་བཏང་རྐྱེན་ནང་མི་ཁ་འཐོར་གྱི་དཀའ་སྡུག་གི་འཚོ་བ་སྐྱེལ་དགོས་བྱུང་།

1959ལོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་སྤྱི་ཚོགས་འཕོ་འགྱུར་ཆེན་པོའི་ཁྲོད། བོད་མི་དམངས་ཀྱི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་བ་མ་ཟད། མི་རབས་ནས་མི་རབས་བར་བཤུ་གཞོག་དང་བྲན་བཀོལ་ཚད་མེད་མྱངས་པའི་ཞིང་བྲན་ལ་རང་དབང་བཅིངས་འགྲོལ་ཐོབ་ནས་ས་ཞིང་མུའུ་ཁྲི་280ལྷག་ཙམ་དང་དེ་མིན་གྱི་ཐོན་སྐྱེད་རྒྱུ་ཆ་ཐོབ་ཡོད།

ཏང་གི་འོད་ཟེར་འོག་ལྷག་པ་དང་འདྲ་བའི་ཞིང་བྲན་ཁྲི་སྟོང་མང་པོ་གཞི་ནས་ནང་མི་མཉམ་འཛོམས་བྱུང་བ་དང་འབྲེལ་ས་ཞིང་དང་ནོར་ལུག་ཀྱང་ཐོབ་པ་མ་ཟད་རང་ཉིད་ལ་དབང་བའི་སྡོད་ཁང་ནང་སྡོད་རྒྱུའང་བྱུང་ཡོད།

1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་ཤིང་། ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་301གི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་80%ཡན་བཟུང་བ་དང་བོད་རིགས་ཀྱི་འཐུས་མིའི་ནང་མང་ཆེ་བ་ནི་ཡར་ལངས་ཞིང་བྲན་དང་བྲན་གཡོག་ཡིན་པ་རེད། དུས་དེ་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་ས་ཁུལ་དེ་གའི་ལས་དོན་ལ་རང་བདག་ངང་དོ་དམ་བྱེད་པའི་ནང་ཞུགས་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ལ། མི་དམངས་དམངས་གཙོའི་དབང་ཆའང་རྒྱ་ཁྱབ་ངང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ནང་ལྗོངས་ཡོངས་ནས་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153བདམས་པ་དང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་གྲངས་འབོར་མང་ཆེ་བ་བཟུང་ཡོད། ཉི་མ་མཚམས་གཅོད་ནི་གསར་དུ་བདམས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་437གྱི་གྲས་ཤིག་རེད།

ཆུང་དུས་ཨ་མས་བོད་རྙིང་པའི་མུན་ནག་དང་གདུག་རྩུབ་ཆེ་བའི་སྐོར་དང་བོད་གསར་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྐོར་གླེང་སྐབས་ཉི་མ་མཚམས་གཅོད་ཀྱིས“ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོ་ཡར་ལངས་བྱུང་བ་དང་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱིས་དཀྲིས་པའི་རང་ཁྱིམ་རང་བདག་གི་དབང་ཆ་གང་ལེགས་སྤྱད་ཆོག་གི་ཡོད། ངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཟི་བརྗིད་ལས་འགན་ཡག་པོ་བསྒྲུབས་ནས་དེ་བས་མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་འགྱུར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

སྙིང་སྟོབས་རབ་ཏུ་འཕེལ་བཞིན་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་སྐྱོད་སྐབས་ཉི་མ་མཚམས་གཅོད་ཀྱི་བློ་ལ“སྔོན་མ་རྒན་རབས་ཚོས་མྱངས་པའི་སྡུག་བསྔལ་ནམ་ཡང་བསྐྱར་ལོག་བྱེད་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་གོམ་ཞེང་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་སྐྱོད་པའི་རྣམ་པ”གསལ་ལེར་འཆར།

བདེ་སྐྱིད་ཉམས་སུ་མྱོང་བ། དམངས་འཚོ་རྒྱུན་མཐུད་ལེགས་སུ་དང་བདེ་རྩ་ཆེ་རུ་བཏང་བ།

ཧུའེ་ཅུས་ཧྥེན་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱི་ནད་སྐྱོང་ཆེ་མོ་བ་རེད་ལ། བོད་སྐྱོར་གྱི་སྨན་བཅོས་ལས་འགན་ཐེངས་མང་འཁུར་མྱོང་བའི་དམག་མི་རྒན་གྲས་ཤིག་ཀྱང་རེད།

2019ལོའི་ཟླ་6ཚེས་20ཉིན་སྦྲུམ་མ་བསོད་ནམས་དཔའ་མོ་ཕྲུ་གུ་བཙའ་མ་ཐུབ་པར་དཔའ་ཤོད་རྫོང་མི་དམངས་སྨན་ཁང་གི་ནད་ཁྲིའི་སྟེང་ན་ཟུག་གིས་མནར་ནས་ནང་མི་ཚང་མ་སེམས་ཁྲལ་ཆེན་པོ་བྱེད་བཞིན་མཆིས། ཧུའེ་ཅུས་ཧྥེན་གྱིས་བུད་མེད་དང་བུ་བཙའི་ཚན་ཁག་གི་ནད་ཁང་ལ་བརྟག་དཔྱད་བྱེད་སྐབས་ཛ་དྲག་གི་གནས་ཚུལ་དེ་མཐོང་མ་ཐག་འཕྲལ་དུ་མཚོ་དམག་གི་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱི་བོད་སྐྱོར་སྨན་བཅོས་རུ་མི་སྒྲིག་འཛུགས་བྱས་ནས་བསོད་ནམས་དཔའ་མོར་གཤགས་བཅོས་བྱས། ཆུ་ཚོད་གསུམ་ཙམ་སྨན་བཅོས་བྱས་མཐར་མ་སྨད་གཉིས་བདེ་འཇགས་བྱུང་ཡོད། གཤགས་བཅོས་ཁང་ནས་དོན་སྐབས། བསོད་ནམས་དཔའ་མོའི་ཨ་མས་ཧུའེ་ཅུས་ཧྥེན་གྱི་ལག་ནས་དམ་པོར་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

“གཞི་རིམ་དུ་སྐྱོད་རིམ་བཞིན་ས་གནས་དེ་གའི་མང་ཚོགས་ཚོས་ང་ཚོ་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པ་ཡིན་པ་ཤེས་ཚེ། སེམས་རྩ་འཁོལ་པོས་ཁྱིམ་དུ་མགྲོན་པོར་འབོད་ནས་ཇ་བསྲུབས་མ་བླུགས་ཏེ་ང་ཚོ་དང་སྙིང་གཏམ་ཤོད་རེས་བྱེད་ཀྱི་ཡོད། ཁོང་ཚོའི་ངོ་གདོང་ལས་འཕྱུར་བའི་ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་ལས་ཡོད་ཚད་གསལ་བཤད་ཐུབ་ཀྱི་འདུག”ཅེས་བཤད།

བོད་སྐྱོར་བྱ་གཞག་ཁྲོད་བོད་ལ་བཅངས་པའི་བརྩེ་སེམས་ཚེ་གང་དོར་ཐབས་བྲལ། མེས་རྒྱལ་གྱི་ཁྱིམ་ཚང་ཆེ་མོའི་གཅེན་གཅུང་མིང་སྲིང་ཚང་མ་ནམ་ཡང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་སེམས་པ་གཅིག་ཏུ་འབྲེལ་ཡོད།

ད་ཆ་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག དེང་རབས་ཅན་གྱི་སྨན་ཁང་རེ་རེ་བཞིན་བསྐྲུན་ཡོད་ལ། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་གི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པ་ཁག་གཅིག་སྨན་བཅོས་བོད་སྐྱོར་གྱི་ལས་ལ་ཞུགས་ཤིང་། རང་ལྗོངས་སུ་ད་ཆ་འཐུས་སྒོ་ཚང་བའི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་འགོག་བཅོས། བོད་ལུགས་གསོ་རིག་སོགས་ཀྱི་ཞབས་ཞུའི་མ་ལག་བཙུགས་ཡོད་ལ། ནད་རིགས་400ལྷག་ཙམ་བོད་ནས་སྨན་བཅོས་བྱེད་ཐུབ་པ་དང་། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་སོགས་ཀྱི་ནད་རིགས་རྦད་དེ་མེད་པ་བཟོས་པ་དང་འགོག་བཅོས་ཐུབ་ཀྱི་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1951ལོའི་ལོ་35.5ནས་2021ལོའི་ལོ་72.19བར་རིང་དུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

དུས་རབས་གསར་པའི་ལོ་བཅུ་ནི་བོད་ཀྱི་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་བཅུ་ཡིན།

དུས་རབས་གསར་པའི་ལོ་བཅུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པའི་ལོ་བཅུ་ཡིན།

གྲངས་གཞིས་གནས་ཚུལ་གསལ་བཤད་བྱེད་ཐུབ། 2023ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་མངོན་པར། རང་ལྗོངས་ཀྱིས་སྔོན་དཔག་བྱས་པའི་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2165ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%ཡས་མས་དང་10%ཡས་མས་སོ་སོར་འཕར་བ། འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་འོ་མ་གསུམ་གྱི་ཐོན་ཚད་ཏུན་ཁྲི་107དང་། ཏུན་ཁྲི་93 ཏུན་ཁྲི་88བཅས་སོ་སོར་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། ཞིང་འབྲོག་པ་ཁྲི་63.1ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་55.6ཟིན་པ་བཅས་བྱུང་ནས་དམིགས་ཚད་དང་ལས་འགན་གཉིས་ཀ་ཚད་བརྒལ་ངང་ལེགས་སྒྲུབ་བྱུང་ཡོད།

2022ལོར་ཐོབ་པའི་གྲུབ་འབྲས་ལས། འདས་པའི་ལོ་ལྔ་དང་ཐ་ན་དུས་རབས་གསར་པའི་ལོ་བཅུའི་ནང་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མངོན་ཡོད།

འབྱུང་འགྱུར་བསུ་བ། རྒྱང་ལམ་གསར་པར་ལེའུ་གསར་རྩོམ།

ས་མཐོར་ལས་ཀ་བྱེད་སྐབས། དཀོན་ཤོས་ནི་གསོ་རླུང་ཡིན་པ་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་གནམ་ས་བླ་འོག་ཏུ་སྒྱུར་ཕོད་པའི་སྙིང་སྟོབས་ཉམས་མེད་ལ། ལེའུ་གསར་རྩོམ་ཕོད་པའི་གདེང་ཚོད་དེ་བས་ཉམས་མེད།

དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྔ་ས་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་གཞིར་བཟུང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད།

ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ཞིབ་ཕྲའི་འབད་འཐབ་དམིགས་ཚད་བཏོན་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཡོད།

སྙེ་མོ་རྫོང་ཐོན་མདའ་གྲོང་ཚོའི་ཚེ་རིང་རྡོ་རྗེ་རང་ཁྱིམ་གྱི་ཉི་གཡབ་ཏུ་བསྡད་དེ་བློ་རྩེ་གཅིག་སྒྲིམ་གྱིས་སྤོས་བཟོ་བཞིན་འདུག “ངས་སྤོས་བཙོངས་པས་ལོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཡོང་གི་འདུག”སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཇེ་ཡངས་སུ་ཕྱིན་ཡོད།

བྱང་རྩྭ་ཐང་གི་མཐིལ་དུ་གནས་པའི་ཉི་མ་རྫོང་གི་འདམ་ར་བདག་སྐྱོང་བ་རྡོ་རྗེ་སྲི་ནོར་གྱི་ཁྱིམ་དྭངས་ར་གཡུ་མཚོའི་འགྲམ་དུ་ཡོད། ཉིན་ལྟར་ཞོགས་པ་ཁོང་དང་ལས་རོགས་ཚོ་སྦག་སྦག་བཞོན་ནས་དྭངས་ར་གཡུ་མཚོའི་འདམ་རར་སྐོར་གཡེང་བྱས་ཏེ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་སྲུང་སྐྱོང་བྱེད་ཀྱི་ཡོད། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་མཛེས་སྡུག་ལྡན་པའི་རྩྭ་ཐང་དང་མཚོ་ཡག་པོ་བསྲུངས་ཚེ་ང་ཚོས་གཞི་ནས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ”ཅེས་བཤད།

སྤྱི་ཚོགས་གསར་རྙིང་གཉིས་བརྒྱུད་མྱོང་བའི་བོད་ཀྱི་མི་དམངས་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

ལོ་64ཡི་འཕོ་འགྱུར་ཆེན་པོའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་མི་དམངས་ཡར་ལངས་བྱུང་བ་དང་ཕྱུག་པོ་ཆགས་པ་མ་ཟད། ད་དུང་རྒྱང་ལམ་གསར་པར་སླར་ཡང་བྱས་རྗེས་གསར་པ་འཇོག་བཞིན་མཆིས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།