ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ནུས་རྒྱུ་གསར་བ་འཕེལ་རྒྱས་ལ་ཤུགས་བསྣན་ནས་དམངས་འཚོའི་གློག་སྤྱོད་ལ་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1310705071_16795595504491n.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་གྲི་གུ་རླུང་ཤུགས་གློག་འདོན་རྣམ་གྲངས་ཀྱི་རླུང་གློག་འཕྲུལ་འཁོར་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་གྲི་གུ་རླུང་ཤུགས་གློག་འདོན་རྣམ་གྲངས་ནི་བོད་ལྗོངས་ཀྱི་གློག་དྲ་གཙོ་བོར་སྦྲེལ་བའི་རླུང་ཤུགས་གློག་འདོན་རྣམ་གྲངས་ཐོག་མ་ཡིན་ལ། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ22ཟིན་པ་དང་རླུང་ཤུགས་འཕྲུལ་འཁོར་ས་བབ་སྨི5000དང5200མཚམས་སུ་འཛུགས་སྐྲུན་བྱས་ཡོད། རྣམ་གྲངས་འདི2021ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་གློག་འདོན་མགོ་ཚུགས་པ་ནས་བཟུང་། 2023ལོའི་ཟླ3པའི་བར་གློག་འདོན་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར1ལས་བརྒལ་ཡོད་ཅིང་། དེ་དབྱང་གཉིས་ཐཱན་རྫས་ཏུན་ཁྲི8.32ཕྱིར་འབུད་ཉུང་གཏོང་དང་ཚད་ལྡན་རྡོ་སོལ་ཏུན་ཁྲི3.05གྲོན་ཆུང་བྱས་པ་དང་ཧ་ལམ་འདྲ་མཚུངས་ཡིན་པ་དང་། བོད་ལྗོངས་སུ་དགུན་དུས་གློག་དཀོན་པའི་གནས་ཚུལ་ནུས་ལྡན་སྒོས་ཞི་ལྷོད་དུ་བཏང་ཡོད།

བོད་ལྗོངས་ཀྱིས་གངས་ལྗོངས་མཐོ་སྒང་གི་ཆུ་རླུང་འོད་ཀྱི་ཐོན་ཁུངས་ལེགས་ཆ་དམ་འཛིན་བྱས་ནས་གློག་ཁུངས་དང་གློག་དྲ་འཛུགས་སྐྲུན་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་དགུན་དུས་དང་དཔྱིད་དུས་སུ་གློག་དཀོན་པའི་གནས་ཚུལ་ནུས་ལྡན་སྒོས་ཞི་ལྷོད་དུ་བཏང་བ། བོད་ལྗོངས་ཀྱི་ས་བབ་མཐོ་བ་དང་ཐག་རིང་ས་ཁུལ་གྱི་རོང་འབྲོག་པ་སྔར་ལས་མང་པོས་གློག་ཤུགས་བརྟན་པོ་བཀོལ་སྤྱོད་ཐུབ་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་མགྱོགས་མྱུར་སྒོས་གློད་གྲོལ་བྱས་ཡོད། 2022ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནང་ཆན་ཝ་ཁྲི1757ཡོད་པ་དང་། ལོ་ཧྲིལ་བོར་དྲ་སྦྲེལ་གློག་འདོན་ས་ཚིགས་ཀྱི་གློག་འདོན་ཚད་དུས་མཉམ་ལས30.4%འཕར་ཡོད།

1310705071_16795595504521n.jpg

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དེང་རབས་སྐྱེ་ཁམས་ཐོན་ལས་དཔེ་སྟོན་གླིང་ནང་ཁུལ་གྱི“འོད་ཤུགས+ནུས་གསོག”གློག་འདོན་ས་ཚིགས་ཀྱི་རྣམ་པ་རེད།

ས་བབ་སྨི4500ལྷག་གི་ནག་ཆུ་གསེར་རྙེད་ཆུས་དགའ་ལྡན་ཁང་གསར་གྲོང་ཚོར་ས་ཁྱོན་མུའུ2200བཟུང་ཡོད་པ་དང་ཉི་ནུས་འོད་ཤུགས་པང་ལེབ25000ལྷག་གྲལ་འགྲིག་ནས་ཡོད་ཅིང་། དེ་དག་གནམ་སྔོན་པོ་དང་སྤྲིན་དཀར་འོག་སྔར་བས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་ཡོད། འདི་ནི་མིག་སྔར་བོད་ལྗོངས་ཀྱི་ཆེས་ཆེ་བའི་འོད་ཤུགས་གློག་འདོན་གློག་ཤུགས་མཁོ་སྤྲོད་འགན་ལེན་རྣམ་གྲངས་ཡིན་ལ། འཛུགས་སྐྲུན་གཞི་ཁྱོན“འོད་ཤུགས་ཆན་ཝ་ཁྲི12+དུས་ཚོད་རེར་ནུས་གསོག་ཆན་ཝ་ཁྲི12”དང་། ལོ་རེར་ཆ་སྙོམས་གློག་འདོན་ཚད་ཆན་ཝ་དུང་ཕྱུར2.47ཇུས་འགོད་བྱས་ཡོད། རྣམ་གྲངས་ཀྱིས2022ལོའི་ཟླ12པའི་མཇུག་ཏུ་གློག་འདོན་མགོ་ཚུགས་པ་དང་བོད་ལྗོངས་གློག་དྲ་སྦྲེལ་མཐུད་བྱས་ཡོད་པས། ནག་ཆུའི་གློག་ཤུགས་ཁ་ཤོ་བསྐངས་བ་མ་ཟད། ལྷག་པར་དུ2023ལོའི་ཟླ1པོའི་དྲོད་ཚད་ཆེས་དམའ་བའི་དུས་སུ་བོད་དབུས་དྲ་སྦྲེལ་སྐུད་ལམ་གྱི་གློག་མཁོ་འདོན་བྱས་པ་བརྒྱུད། ས་གནས་རོང་འབྲོག་པའི་གློག་སྤྱོད་དགོས་མཁོ་ཞི་ལྷོད་དུ་བཏང་།

དམངས་འཚོའི་གློག་སྤྱོད་ལ་འགན་ལེན་དང་ཇེ་ལེགས་སུ་ཕྱིན་པ་དེ་བོད་ལྗོངས་ཀྱིས“འོད་ཤུགས+ནུས་གསོག”ནུས་རྒྱུ་མཁོ་འདོན་འགན་ལེན་རྣམ་པ་ལག་བསྟར་ཤུགས་ཆེན་བྱས་པ་དང་རེག་ལས་ཡོད། 2022ལོའི་ཟླ6པར། བོད་རང་སྐྱོང་ལྗོངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”སྐབས་ཀྱི་གློག་ཤུགས་མཁོ་འདོན་འགན་ལེན་ཇུས་གཞི་དཔར་འགྲེམ་བྱས་ཏེ། འོད་ཤུགས་གློག་འདོན་ས་ཚིགས་སྒྱུར་བཅོས་རིམ་སྤོར་བྱས་ནས་ནུས་གསོག་སྒྲིག་ཆས་གསར་སྣོན་གྱི་བྱེད་ཐབས་བརྒྱུད་ནས། དགུན་དུས་གློག་སྤྱོད་པའི་ནངས་དགོང་གི་གློག་ཤུགས་ཐེག་ཚད་ཆེ་ཤོས་དུས་མཚམས་ཀྱི་འགན་སྲུང་ནུས་པ་ཇེ་མཐོར་བཏང་བ་མ་ཟད། གཞི་ཁྱོན་ངེས་ཅན་ལྡན་པའི“འོད་ཤུགས+ནུས་གསོག”ནུས་རྒྱུ་མཁོ་འདོན་འགན་ལེན་རྣམ་གྲངས་སྐྲུན་ནས་དགོས་མཁོ་བསྐངས་བ་དང་། གངས་ལྗོངས་མཐོ་སྒང་གི“འོད་ཤུགས+ནུས་གསོག”ནུས་རྒྱུ་མཁོ་འདོན་འགན་ལེན་གྱི་རྣམ་པ་གསར་བའི་མགོ་ཚུགས་ཡོད།

1310705071_16795595504501n.jpg

པར་འདི་ནི་བོད་ལྗོངས་ནག་ཆུ་གསེར་རྙེད་ཆུས་ཀྱི་ཆན་ཝ་ཁྲི12ཀྱི་འོད་ཤུགས་གློག་འདོན་གློག་ཤུགས་མཁོ་འདོན་འགན་སྲུང་རྣམ་གྲངས་ཀྱི་ཕྱིའི་བཀོད་པ་རེད།

དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ད་དུང་གློག་ཤུགས་གཙང་མ་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ལ་དྲངས་ཡོད། 2022ལོའི་དབྱར་དུས་དང་སྟོན་དུས་སུ་བོད་ལྗོངས་གློག་དྲས“གློག་ཤུགས་གནམ་ལམ”མཚོ་བོད་དྲ་སྦྲེལ་ལས་གཞིའི་གློག་འདྲེན་ཐབས་ལམ་བརྒྱུད་ནས། ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་ལ་གློག་གཙང་མ་དུས་ཚོད་ཆན་ཝ་དུང་ཕྱུར14.34དྲངས་ནས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི“དབྱར་དུས་གློག་སྤྱོད་མཐོ་རླབས་ཀྱི”གློག་ཤུགས་མཁོ་འདོན་འགན་ལེན་ལ་རོགས་རམ་བྱས། 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་བོད་ལྗོངས་ཀྱིས་ཆན་ཝ་རིམ་པའི་འོད་ཤུགས་རྟེན་གཞི་དང་ས་བབ་མཐོ་བའི་རླུང་ཤུགས་གློག་འདོན་ས་ཚིགས་ཁྲི་བརྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  “ནུས་རྒྱུ་གསར་བ+ནུས་གསོག”ཚོད་ལྟའི་དཔེ་སྟོན་ས་ཚིགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། འོད་ཤུགས་ཉི་ནུས་ཀྱིས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནང་ཤོང་ཚད་ཆན་ཝ་ཁྲི1000ལས་བརྒལ་བ་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་འདོམས་འཆར་འགོད་དང་སླར་སྐྱེས་ནུས་རྒྱུ་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་འོད་ཤུགས་དང་ཆུ་གློག་སོགས་ནུས་རྒྱུ་གསར་བ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། དཔལ་འབྱོར་ལེགས་ཆ་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་དམངས་འཚོའི་ཁེ་སྤོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།