ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་སྟེང་གི་བདེ་སྐྱིད་ལྡན་པའི་གཏམ་རྒྱུད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཤིན་ལི་མའོ་དང་ཤིན་པུའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་སྐོར་བཀོད་པ།

未命名_副本.jpg

འདི་ནི་ཤིན་ལི་མའོ་དང་ཤིན་པུས་བུ་མོ་ཆུང་བ་དང་མཉམ་དུ་རྩེད་མོ་རྩེ་བཞིན་པ།

ཨ་མདོ་རྫོང་གི་ཤིན་ལི་མའོ་ཡིས་བཟའ་ཟླ་ཤིན་པུ་དང་བུ་མོ་ཆུང་བ་ཁྲིད་དེ་ཞོགས་པ་སྔ་པོ་ནས་ཕྱིར་ཐོན་ཞིང་། དེ་ཉིན་མཚོ་དམར་ཤང་དུ་རྟ་རྒྱུག་དུས་ཆེན་ཡོད་པས། ཁོ་ཚོ་ནང་མི་ཚང་མ་སྔ་པོ་ནས་སྡོད་ས་ཡག་པ་ཞིག་བཟུང་བར་བསྐྱོད།

ཤིན་ལི་མའོ་དང་ཤིན་པུ་གཉེན་སྒྲིག་བྱས་ནས་ལོ་30ལྷག་ཙམ་སོང་ཡང་། བརྩེ་དུང་སྔར་བཞིན་ཟབ་མོ་ཡོད་པས། མི་མང་པོ་ཞིག་གིས་ཡིད་སྨོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ཆ་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཁོང་གཉིས་པོའི་སྐབས་དེ་དུས་ཀྱི་བརྩེ་དུང་ལ་ལམ་ལྷོངས་དེ་ཙམ་བྱུང་མེད།

ཧུད་རིགས་དང་བོད་རིགས་བཟའ་མི་གཉིས་ཕན་ཚུན་རྒྱུས་མངའ་ལོན་པ་དང་བརྩེ་དུང་གི་མདུད་པ་ཐེབས།

ལོ་30ལྷག་ཙམ་གོང་། ཀན་སུའུ་ཡི་ཧུད་རིགས་ཕོ་གཞོན་ཤིན་ལི་མའོ་ཨ་མདོར་ཚོང་རྒྱག་པར་སླེབས་སྐབས། བོད་རིགས་བུ་མོ་ཤིན་པུ་དང་ངོ་ཤེས་ཏེ་ཕན་ཚུན་བློ་ཁ་མཐུན་ནས་མི་ཚེ་མཉམ་དུ་སྐྱེལ་བའི་དམ་བཅའ་བཞག

འོན་ཀྱང་ཤིན་པུའི་ཕ་མ་གཉིས་ཀྱིས་གཉེན་སྒྲིག་སྐོར་ལ་མོས་མཐུན་གཏན་ནས་བྱས་མེད།

སྟབས་ལེགས་པ་ཞིག་ལ་འགོག་རྐྱེན་མང་པོ་ཞིག་བསལ་ནས་གཉེན་སྒྲིག་བྱས་རྗེས་ཀྱི་ཤིན་ལི་མའོ་དང་ཤིན་པུའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་བྱུང་ཡོད། བཟའ་མི་གཉིས་ཀྱིས་ཕན་ཚུན་བསྟུན་མཁས་དང་གཅིག་རོགས་གཅིག་གིས་བྱས་པས། ལས་ལ་བརྩོན་པའི་ཤིན་ལི་མའོ་ཡིས་ཨ་མདོ་རྫོང་དུ་ཙག་ཙིག་ཚོང་ཁང་ཞིག་བཙུགས་པ་དང་ཚོང་ཡང་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད། ཤིན་པུས་ཕྲུ་གུར་ལྟ་རྟོག་དང་ཁྱིམ་གྱི་འཚོ་བའི་འགན་གཙོ་བོ་ཁུར་ནས་ཁྱིམ་ཚང་ལེགས་པར་བསྐྱངས།

གཉེན་སྒྲིག་བྱས་རྗེས། ཤིན་པུས་ཤིན་ལི་མའོ་ལ་བོད་སྐད་སློབ་པ་དང་ཤིན་ལི་མའོ་ཡིས་ཤིན་པུར་རྒྱ་སྐད་བསླབས་པས། ཁོང་གཉིས་པོས་སྐད་རིགས་གཉིས་ཁོང་དུ་ཆུད་པ་མ་ཟད། བརྩེ་དུང་ཡང་དེ་བས་ཟབ་ཏུ་ཕྱིན་ཡོད།

ཁྱིམ་མཚེས་ཕན་ཚུན་རོགས་རམ་བྱས་ནས་བརྩེ་སེམས་ངོ་མ་མངོན།

ཨ་མདོའི་སྐད་ཆུ་རྒྱུག་རྒྱུག་ཤོད་ཤེས་ཀྱི་ཡོད་སྟབས་ཤིན་ལི་མའོ་ཡི་ཙག་ཙིག་ཚོང་ཁང་གི་ཚོང་མི་གཞན་ལས་ཡག་པ་ཡོད་ལ། ད་དུང་རྒྱ་སྐད་ཤོད་ཤེས་པའི་ཤིན་པུས་སེམས་རྩ་འཁོལ་པོས་རྟག་ཏུ་བོད་རིགས་མང་ཚོགས་ལ་སྐད་སྒྱུར་བྱེད་ཀྱི་ཡོད་པས། ཚང་མས་གནས་ཚུལ་གང་ཞིག་ཡོད་རུང་ཤིན་ལི་མའོ་བཟའ་ཚོར་སྐད་ཆ་འདྲི་ཡི་ཡོད།

ཚོང་ཙག་ཙིག་བརྒྱབ་ནས་དངུལ་མང་པོ་བསགས་པ་དང་ལས་ལ་བརྩོན་པའི་ཤིན་ལི་མའོ་དང་ཤིན་པུས་ཕྲུ་གུ་བཞི་བསྐྱངས་ཡོད་པ་ད་ལྟ་་སློབ་གྲྭར་འགྲོ་མུས་ཡིན་པ་ལས་ཕྲུ་གུ་གཉིས་ད་ལྟ་སློབ་ཆེན་འགྲིམ་བཞིན་ཡོད། བཟའ་མི་གཉིས་པོས་ད་དུང་ཨ་མདོ་རྫོང་དུ་སྡོད་ཁང་སྟར་པ་གཉིས་བརྒྱབ་པ་དང་ཁྱིམ་དུ་བརྙན་འཕྲིན་དང་། འཁྱག་སྒམ། བོད་བཟོའི་ཁྱིམ་ཆས་སོགས་ཆ་ཚང་ཡོད་པས་འཚོ་བ་བརྟན་ཞིང་ཕྱུག་པ་ཞིག་ཡོད།

ཕྱུག་པོར་གྱུར་པའི་ཤིན་ལི་མའོ་ཡིས་ཁོང་གི་བོད་རིཌ་གྲོགས་པོ་རྣམས་བརྗེད་མེད། འབྲོག་པའི་ཁྱིམ་གྱི་ནོར་ལུག་གི་ཤ་མ་བྲིན་པའི་སྐབས། ཤིན་ལི་མའོ་ཡིས་ཙག་ཙིག་ཚོང་ཁང་སྒོ་བརྒྱབ་ནས་ནོར་ལུག་གི་ཤ་འཚོང་འགོ་བཙུཌ་པ་དང་། འབྲོག་པའི་ཁྱིམ་ནས་ནོར་ལུག་ཉོས་ཏེ་རང་ཉིད་ཀྱིས་བཤས་གཏོང་བ་དང་ཚོང་ལམ་བཙལ་ཏེ་འཚོང་གི་ཡོད།

ད་ཆ་ཤིན་ལི་མའོ་ཡིས་ཚོང་ཙག་ཙིག་དང་ནོར་ལུག་ཤའི་ཚོང་རྒྱག་གི་མེད་མོད། འོན་ཀྱང་བཟའ་མི་གཉིས་པོ་ཨ་མདོའི་ཤང་གྲོང་གང་ཞིག་ཏུ་སླེབས་རུང་ས་གནས་དེ་གའི་རྒན་རྒོན་ཚོས་ངོ་ཤེས་ཀྱི་ཡོད་པས། ཁོ་གཉིས་རྟག་ཏུ་ཁྱིམ་དུ་མགྲོན་པོར་འབོད་ཀྱི་ཡོད། འདི་དག་ཚང་མ་ཤིན་ལི་མའོ་དང་ཤིན་པུས་ཚོང་རྒྱག་སྐབས་ལྷག་བསམ་ཟོལ་མེད་བྱས་པ་ལས་བྱུང་བའི་གྲོགས་པོ་ཤ་སྟག་རེད།

འབད་འཐབ་བྱས་པས་དཀའ་ངལ་ལས་རྣམ་པར་རྒྱལ།

2014ལོར་ཤིན་ལི་མའོ་ནོར་ལུག་གི་ཤ་བཙོངས་ཟིན་རྗེས། ཁྱིམ་དུ་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་ཁྱིམ་ཚང་གི་གསོག་དངུལ་ཚང་མ་སྨན་རིན་དུ་སྤྲོད་དགོས་བྱུང་བ་དང་། ཤིན་ལི་མའོ་ཡང་དབང་བོ་སྐྱོན་ཅན་དུ་གྱུར། ད་ཆ་ཤིན་ལི་མའོ་ཡི་མིག་གཡས་པ་ལོང་བ་ཡིན་པ་མ་ཟད། ད་དུང་རྐང་པ་གཡོན་པ་ཡང་འགྲོ་སྐྱོད་སྟབས་བདེ་མེད།

ལས་འཛོལ་དེས་རྐྱེན་པས་ཤིན་ལི་མའོ་བཟའ་མི་གཉིས་ཀྱིས་ལོ་མང་འབད་བརྩོན་བྱས་པ་སྟོང་ཟད་དུ་གྱུར་པ་དང་། སྐབས་དེ་དུས་ཤིན་ལི་མའོ་ཡི་བུ་འབྲིང་བ་དང་ཆུང་བ་སློབ་གྲྭ་འགྲིམ་བཞིན་ཡོད་པས་ཁྱིམ་གྱི་དཔལ་འབྱོར་ཁུར་པོ་ཧ་ཅང་ལྕི་པོ་ཆགས།

བཟའ་མི་གཉིས་པོ་ག་བྱེད་འདི་བྱེད་མེད་པའི་སྐབས་སུ། འབྲེལ་ཡོད་སྲིད་ཇུས་ལ་གཞིཌ་ཏེ་ཤིན་ལི་མའོ་ཡི་ཁྱིམ་ཚང་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། ཤིན་ལི་མའོ་ཡང་རིམ་པ་བཞི་པའི་དབང་པོ་སྐྱོན་ཅན་དུ་གཏན་འཁེལ་བྱུང་ནས། ཁ་གསབ་དང་གཟིཌ་སྐྱོང་སྲིད་ཇུས་ཁག་གཅིག་ལོངས་སྤྱོད་ཐུབ་ཡོད།

འོན་ཀྱང་ཤིན་ལི་མའོ་དང་ཤིན་པུས་ལས་དབང་དེར་མགོ་བསྒུར་ནས་མ་བསྡད་པར། ཤིན་ལི་མའོ་ཡི་གཟུགས་པོ་ཅུང་དྲག་སྐྱེད་བྱུང་རྗེས། ཁོ་པས་སླར་ཡང་ནོར་ལུག་གི་ཤ་འཚོང་འགོ་བརྩམས།

2017ལོར་ཤིན་ལི་མའོ་ཡི་ཁྱིམ་ཚང་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ་དང་ཁོང་གིས་འཕྲལ་དུ་རེ་འདུན་ཞུས་ནས་རང་འགུལ་ངང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་དོན།

ཤིན་ལི་མའོ་བཟའ་མི་གཉིས་ཀྱི་འཚོ་བར་བཅངས་པའི་སྤྲོ་སྣང་དང་ཡར་བརྩོན་ལྡན་པའི་རྣམ་འགྱུར་ལས་ཉེ་འགྲམ་གྱི་ཁྱིམ་མཚེས་ཚང་མས་ཁོ་གཉིས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ཁྱིམ་མཚེས་དབར་བརྩེ་བ་ཟབ་པ་དང་ཕན་ཚུན་རོགས་རམ་བྱས་པས་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན། ཤིན་ལི་མའོ་དང་ཤིན་པུའི་སྐོར་གླེང་རིམ་བཞིན་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།

2018དང་2019ལོར་ཤིན་ལི་མའོ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མི་སྒེར་གྱི་མཚན་སྙན་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མི་སྒེར་གྱི་མཚན་སྙན་ཐོབ་ཡོད།

གྲོགས་མེད་ཁེར་རྐྱང་ནས་ལག་གདང་སྦྲེལ་ཏེ་མདུན་དུ་བསྐྱོད་པ་ལས། ཤིན་ལི་མའོ་དང་ཤིན་པུ་བཟའ་མི་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་ཡར་བརྩོན་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་པའི་གཏམ་རྒྱུད་ནི་ཨ་མདོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བསྡུས་རིས་ཤིག་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།