ཀྲུང་གོ་བོད་ཀྱི་དྲ་བ།

འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་། འཛད་སྤྱོད་སེམས་ཤུགས་འཕེལ་བར་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷ་སའི་གཡུ་ཐོག་ལམ་གྱི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་ཁྲོམ་གཞུང་གི་བྱེད་སྒོའི་མཐོང་ཐོས།

ཟླ་3ཚེས་15ཉིན་ལྷ་སའི་གཡུ་ཐོག་ལམ་གྱི་འགྲེམས་སྟེགས་ཁག་གི་མདུན་དུ་ལས་དོན་མི་སྣས་ངང་རྒྱུད་རིང་པོས་འཛད་སྤྱོད་པར་བདེན་རྫུན་དབྱེ་བ་འབྱེད་སྟངས་བསླབས་ནས་ཚང་མར་མགོ་སྐོར་འོག་མ་ཚུད་པར་བྱེད་དགོས་པའི་ཁྲིད་སྟོན་བྱས།

“རྒྱུས་མེད་ཀྱི་དྲ་ཚིགས་ནང་འཛུལ་མི་རུང་། དེ་དག་ཕལ་ཆེ་བ་མི་སྒེར་གྱི་ཆ་འཕྲིན་བརྐུ་བའི་ཁ་བསླུས་དྲ་ཚིགས་ཤ་སྟག་རེད” རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གི་འགྲེམས་སྟེགས་མདུན་དུ་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་གྲོང་མིར“གལ་སྲིད་གཟབ་གཟབ་མ་བྱས་པར་དྲ་ཚིགས་ནང་འཛུལ་ཐལ་བ་དང་། དངུལ་ཁ་བསླུས་ཤོར་ཚེ་ངེས་པར་དུ་གྱོད་དོན་སྙན་སེང་ཞུ་དགོས”ཞེས་ངོ་སྤྲོད་བྱས་པ་རེད།

འདི་ནི་གསར་འགོད་པས་2023ལོའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་ཁྲོམ་གཞུང་གི་བྱེད་སྒོ་སྤེལ་ཡུལ་ནས་མཐོང་བ་རེད།

ད་ལོའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཚན་པ་27དང་། ལྷ་ས་གྲོང་ཁྱེར་རིམ་པའི་ཚན་པ་14 ཁེ་ལས་27བཅས་དང་མཉམ་དུ་བརྗོད་དོན་གཙོ་བོའི“འཛད་སྤྱོད་པའི་སེམས་ཤུགས་འཕེལ་བར་བྱེད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དེའི་བརྗོད་དོན་གཙོ་བོ་ནི་མང་ཚོགས་ཀྱི་འཛད་སྤྱོད་སེམས་ཤུགས་འཕེལ་བར་བྱས་ནས། ཚང་མས་འཛད་སྤྱོད་བྱེད་ཕོད་པ་དང་བློ་བདེའི་ངང་འཛད་སྤྱོད་ཐུབ་རྒྱུ་དེ་རེད།

རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་དྲིལ་བསྒྲགས་ས་ཚིགས་སུ་ལས་དོན་མི་སྣས་གྲོང་མིར་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་དང་བྱེད་ཐབས་ངོ་སྤྲོད་བྱས་པ་དང་། བདེན་རྫུན་དབྱེ་བ་འབྱེད་སྟངས་ཞིབ་ཚགས་ངང་བསླབས་ཏེ། སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པ་དང་། ཚུལ་མཐུན། ཤར་བགྲོད་བཅས་ཀྱི་སྒོ་ནས་འཛད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

“བྱེད་སྒོ་དེ་རིགས་སྤེལ་བ་ཡག་པོ་འདུག་ལ་དོན་སྙིང་ཡང་ཆེན་པོ་འདུག དེ་ལས་ངས་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་དབྱེ་བ་འབྱེད་སྟངས་དང་ཚོང་པའི་མགོ་སྐོར་གཏོང་སྟངས་ཤེས་པས་རྗེས་སུ་མགོ་སྐོར་འོག་ཚུད་མི་སྲིད” གྲོང་མི་ཤཱ་ལགས་ཀྱིས་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་མི་སེར་ཚོའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཉིན་དེར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་ཁྲི་2ལྷག་ཙམ་དང་དྲིལ་བསྒྲགས་དྲན་རྟེན་དངོས་པོ་8000ལྷག་ཙམ་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།