ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་གི་དཔྱིད་འདེབས་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན། ཞོགས་པའི་ཉི་འོད་རི་རྩེར་བརྒྱབ་པ་དང་བསྟུན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱང་ཁ་གྲོང་ཚོའི་སྡེ་མི་ཚོས་ཞིང་ལས་ཐོན་སྐྱེད་བྱེད་མགོ་བརྩམས། 

3.jpg

པར་འདི་བོད་ལྗོངས་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོའི་དཔྱིད་འདེབས་མཛད་སྒོའི་ཡུལ་དངོས་རེད།

ཉིན་དེ་ནི་བོད་ཀྱི་རྒྱ་ལོའི་ཚེས་ཉེར་བཞི་སྟེ། བོད་ཀྱི་གནམ་དཔྱད་སྐར་རྩིས་ལྟར་ན་བོད་ལྗོངས་ཞིང་ཁུལ་གྱི་དཔྱིད་འདེབས་མགོ་ཚུགས་པའི་དུས་ཡིན། སྔ་དྲོའི་དུས་ཚོད9སྟེང་དུ་བྱང་ཁ་གྲོང་ཚོའི་སྡེ་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ཤིང་ལག་ཏུ་ནས་ཆང་དང་། བསྲུབས་ཇ་སོགས་ཀྱི་དངོས་རྫས་བཟུང་ནས་ཞིང་ཁར་མཉམ་དུ་དཔྱིད་འདེབས་མགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད།  

ལོ56ལོན་པའི་བཀྲ་ཤིས་ཚེ་རིང་གིས་མགོ་ལ་དབྱིབས་གོར་གོར་ཅན་གྱི་ཞྭ་མོ་དང་ལུས་སུ་དཀར་མདོག་གི་ཕྲུག་ལྭ་གྱོན་པ། རྐང་པར་བོད་ལྷམ་ནག་པོ་གྱོན་ནས་ཁ་མདོག་རྣམ་པར་བཀྲ་བའི་ཁ་བཏགས་དང་མེ་ཏོག་གིས་བརྒྱན་པའི་འདྲུད་འཐེན་འཁོར་ལོ་སྐོར་ནས་དཔྱིད་འདེབས་ཡུལ་དངོས་སུ་ཐོན་པ་དང་། “ཞིང་བ་ཚོར་མཚོན་ན། དཔྱིད་འདེབས་སྟོན་བསྡུ་ནི་ལོ་གཅིག་གི་ནང་ཆེས་གལ་ཆེ་བའི་དོན་དག་ཡིན་ལ། མི་རེ་རེས་ལུས་ལ་གཟབ་མཆོར་སྤྲས་ནས་མཛད་སྒོ་ནང་ཞུགས་དགོས”ཟེར།1679014804474614.jpg

པར་འདི་ནི་བོད་ལྗོངས་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོའི་དཔྱིད་འདེབས་མཛད་སྒོའི་ཡུལ་དངོས་རེད།

དཔྱིད་འདེབས་ཡུལ་དངོས་སུ་གསར་འགོད་པས་འདྲུད་འཐེན་འཁོར་ལོ33ཤར་ཕྱོགས་ཁ་གཏད་ཀྱི་ཞིང་ནང་དུ་བསྒྲིགས་ཡོད་པ་དང་། ཟུར་ཕྱོགས་སུ་ཞིང་འཕྲུལ་མཉམ་ལས་ཁང་གིས་མཁོ་འདོན་བྱས་པའི་རྨོ་འདེབས་འཕྲུལ་ཆས་ཆེ་གྲས་དང་བརྔ་བསྡུ་འཕྲུལ་ཆས་བཞག་ཡོད།5.jpg

པར་འདི་ནི་བོད་ལྗོངས་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོའི་དཔྱིད་འདེབས་མཛད་སྒོ་ནང་ཞུགས་པའི་ཞིང་འཕྲུལ་ཁ་ལོ་བ་ཡིན།

སྔ་དྲོའི་དུས་ཚོད11སྟེང་། ཞིང་ཁའི་གསང་གི་དུ་བ་ལང་ལོང་དུ་འཕྱུར་བ་དང་བསྟུན། བོད་ཀྱི་བུ་མོ་བདུན་མཉམ་དུ་གྲལ་བསྒྲིགས་ནས་ལག་ཏུ་གྲོ་སོ་ཕྱེ་མར་དང་ནས་ཆང་བཟུང་ནས་སྐད་མཐོན་པོས་གླུ་བླངས་བ་རེད། མཛད་སྒོ་ནང་ཞུགས་པའི་སྡེ་མི་ཚོས་འདྲུད་འཐེན་འཁོར་ལོ་སྐོར་མཁན་ལ་ཁ་བཏགས་འབུལ་རྗེས། འདྲུད་འཐེན་འཁོར་ལོའི་སྐོར་མཁན་གྱིས་དངོས་སུ་དཔྱིད་འདེབས་མགོ་བརྩམས་པ་རེད།

གཞོན་ནུ་སྐྱེས་པ་ཞིག་གིས་རྨོད་མཛོ་གཉིས་སྦྲེལ་དཔྱིད་འདེབས་བྱེད་ཐབས་སྤྱོད་པ་དང་། མཛོ་གཉིས་དེད་ནས་སྔོན་ན་ཞིང་ནང་དུ་ལོ་གསར་གྱི་ཞིང་རྨོ་ཐོག་མ་བྱེད་པ་དང་། སྡེ་མི་གཞན་ཚོས་འདྲུད་འཐེན་འཁོར་ལོ་སྐོར་ནས་དེའི་རྗེས་སུ་འབྲངས་པ་རེད། ལྕགས་གཤོལ་གྱིས་ཞིང་རྨོ་མགོ་རྩོམ་པ་དང་། བོད་ཀྱི་བུ་མོ་ཚོས་ཆང་གཏོར་བཞིན་ནས་སོན་ཞིང་ནང་དུ་བཏབ་པ་རེད།

6.jpg

པར་འདི་ནི་བོད་ལྗོངས་ལྷུན་གྲུབ་རྫོང་གི་དཔྱིད་འདེབས་མཛད་སྒོ་སྟེང་དུ་ལུས་ལ་གཟབ་མཆོར་སྤྲས་ནས་ནས་སོན་གཏོར་བཞིན་པའི་རྣམ་པ་རེད། 

 “ད་ལྟ་དཔྱད་འདེབས་དང་སྟོན་བསྡུ་སོགས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ཡང་། སྲོལ་རྒྱུན་གྱི་ཞིང་འདེབས་རིག་གནས་རྒྱུད་འཛིན་བྱ་ཆེད། ཞིང་རྨོ་དང་པོ་ད་དུང་རྨོན་མཛོ་གཉིས་སྦྲེལ་གྱི་ཐབས་སྤྱད་དེ་འགྲུབ་པ་རེད”ཅེས་བཀྲ་ཤིས་ཚེ་རིང་གིས་དེ་ལྟར་བརྗོད།

7.jpg

 དཔྱིད་འདེབས་མཛད་སྒོ་སྟེང་གནའ་བོའི་རྨོན་མཛོ་གཉིས་སྦྲེལ་གྱི་ཞིང་འདེབས་ཐབས་དེ་མཚོན་བྱེད་རང་བཞིན་གྱི་མཛད་སྒོ་ཞིག་ཏུ་གྱུར་ཡོད།

ཚད་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་དུ་སོང་བ་དང་བསྟུན། བོད་ལྗོངས་སུ་སྔར་ལས་མང་བའི་ས་ཞིང་རིམ་བཞིན་འཕྲུལ་ཆས་ཅན་དུ་གྱུར་ཞིང་། 2016ལོར་བཀྲ་ཤིས་ཚེ་རིང་གིས་འདྲུད་འཐེན་འཁོར་ལོ་ཞིག་ཉོས་པ་རེད། ཁོས“ངེད་ཚང་ལ་ཞིང་ས་མུའུ30ལྷག་ཡོད་ལ། སྔོན་ཆད་དཔྱིད་འདེབས་ཉིན་བཅུ་ཙམ་ལ་བྱེད་དགོས་ཀྱང་། ད་ལྟ་འདྲུད་འཐེན་འཁོར་ལོ་ཡོད་པས་ཉིན་བཅུ་ནས་ལྔ་མ་གཏོགས་མི་དགོས”ཟེར།

ཡང་ཁོས“ལོ་རེར་དཔྱིད་འདེབས་མཇུག་སྒྲིལ་རྗེས། ང་རང་ཉེ་འགྲམ་རྫོང་གྲོང་དུ་ཞོར་ལས་བྱེད་དུ་འགྲོ་བཞིན་ཡོད། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཡིན”ཞེས་ཟེར། ཉེ་བའི་ལོ་འགའི་རིང་། བྱང་ཁ་གྲོང་ཚོས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་རྩ་འཛུགས་བྱས་ནས་ཕྱི་རོལ་ཞོར་ལས་བཙལ་དུ་འགྲོ་བ་སོགས་བརྒྱུད། མུ་མཐུད་དུ་ཕྱུག་སྒྱུར་ལམ་བུ་རྒྱ་ཇེ་ཆེ་བཏང་བས། 2022ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་བེད་སྤྱོད་ཡོང་འབབ་སྒོར་ཁྲི1.9ཟིན་པ་རེད།

“གྲོང་ཚོ་ཧྲིལ་བོར་ཞིང་ས་མུའུ6200ལྷག་ཡོད་ལ། གཙོ་བོ‘བོད་ལྗོངས་དང་མཚོ་སྔོན་གྱི2000’དང‘ཧི་མ་ལ་ཡ22’སོགས་ནས་བཟང་འདེབས་བཞིན་ཡོད”ཅེས་བྱང་ཁ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ངག་དབང་ཕུན་ཚོགས་ཀྱིས་དེ་ལྟར་བརྗོད། དཔྱིད་ཁ་སླེབས་པ་དང་བསྟུན། གྲོང་ཚོའི་ཨུ་ལྷན་གྱིས་ལག་རྩལ་ལས་དོན་མི་སྣ་རྩ་འཛུགས་བྱས་ནས་ཞིང་ལས་འཕྲུལ་ཆས་ལ་ཞིབ་བཤེར་ཉམས་གསོ་དང་། ཞིང་ལས་འཕྲུལ་ཆས་གཅེས་སྐྱོང་། ནས་སོན་གཏོང་འདྲེན། གྲོ་ཡི་སོན་བཟང་གཏོང་འདྲེན། རྫས་ལུད་ཉོ་སྒྲུབ་སོགས་ཐོན་སྐྱེད་དངོས་ཟོག་གཏོང་འདྲེན་བྱས་པས། དཔྱིད་འདེབས་ཐོན་སྐྱེད་ལས་དོན་ལེགས་འགྲུབ་ཡོང་བར་འགན་སྲུང་གང་ལེགས་བྱས།

8.jpg

པར་འདི་ནི་དཔྱིད་འདེབས་མཛད་སྒོ་ནང་ཞུགས་པའི་བྱང་ཁ་གྲོང་ཚོའི་སྡེ་མི་ཡིན།

གསར་འགོད་པས་བོད་ལྗོངས་ཞིང་ལས་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2023ལོར་བོད་ལྗོངས་ཀྱིས་མུའུ་ཁྲི60ཚད་མཐོའི་ཞིང་ས་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད་ལ། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི285.5ལག་བསྟར་བྱ་རྒྱུ་དང་། དེའི་ནང་ནས་ཀྱི་རྒྱ་ཁྱོན་མུའུ་ཁྲི220ཟིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།