ཀྲུང་གོ་བོད་ཀྱི་དྲ་བ།

མྱུར་སྐྱེལ་ལས་སྒོ་བོད་ཀྱི་མཐའ་མཚམས་མང་ཚོགས་ཀྱི་ཁྱིམ་དུ་ཁྱབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཧོའུ་ཆང་གིས་སྨྱུག་རྩ་དང་འབྲས་ཕྱེ་སོགས་འབྱོར་མ་ཐག་པའི་ཐུམ་སྒྲིལ་ཁ་ཕྱེ་བ་དང་དེ་དག་ནི་ཁོང་གི་ཕ་ཡུལ་སི་ཁྲོན་མེན་དབྱང་ནས་བསྐུར་བའི་ཞིམ་ཟས་ཡིན་པ་རེད།

མངགས་གཏོང་ཁང་གྲོག་རོང་ཁུལ་དུ་གནས་པ་དང་རྫོང་གྲོང་དང་ས་བབ་མཐོ་ཚད་སྨི་1000ལྷག་ཙམ་གྱི་ཧེ་བག་ཡོད། “ད་ཆ་མྱུར་སྐྱེལ་མངགས་རྗེས་དངོས་ཟོག་མགྱོགས་མྱུར་ཁྱིམ་གྱི་སྒོ་འགྲམ་དུ་འབྱོར་བས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཧོའུ་ཆང་གིས་བཤད།

2021ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་དང་དེ་བཞིན་ཤང་གྲོང་21ལ་སྦྲག་སྲིད་དྲ་ཚིགས་བཙུགས་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་ས་གནས་ནོར་སྲིད་ནས་ཀྱང་མཐའ་མཚམས་རྫོང་གི་དམངས་གཉེར་མྱུར་སྐྱེལ་དྲ་ཚིགས་ལ་མ་དངུལ་བཏང་བ་རེད།

མཚོ་སྣ་རྫོང་ནི་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་ནས་ལོ་ལྟར་གནམ་གཤིས་གྲང་མོ་ཡོད།

“ལོ་གཅིག་ནང་ཟླ་9ལྷག་ཙམ་དགུན་དུས་དང་མཚུངས་ཀྱི་ཡོད། ལག་པ་འཁྱགས་སྦོས་ཐེབས་པ་དང་མཆུ་ཏོ་གས་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། མྱུར་སྐྱེལ་སྐྱེལ་འདྲེན་གྱི་ལམ་ཐག་རྐྱང་མར་སྤྱི་ལེ་240ལྷག་ཙམ་ཟིན་པ་དང་ས་བབ་མཐོ་ཚད་སྨི་4000ཡན་གྱི་རི་བོ་བཞི་བརྒལ་དགོས་ཀྱི་ཡོད། ང་ཞོགས་པའི་ཆུ་ཚོད་7པར་ཐོན་ན་དགོང་མོའི་ཆུ་ཚོད་9པ་ཡོལ་རྗེས་གཞི་ནས་དྲ་ཚིགས་སུ་སླེབས་ཀྱི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཀྲུང་ཐུང་མྱུར་སྐྱེལ་དྲ་ཚིགས་ཀྱི་འགན་འཁུར་བ་ཀུའོ་ལུའེ་ཡིས་བཤད།

ཀུའོ་ལུའེ་ཡིས་ལས་ཀ་དེ་རྒྱུན་འཁྱོངས་བྱས་ནས་ལོ་9འགྲོ་ཡི་ཡོད་པ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་མྱུར་སྐྱེལ་ལས་སྒོ་ཆེས་མང་དུ་ཕྱིན་ཞིང་། 2023ལོའི་དཔྱིད་གསར་དུས་ཆེན་ནས་བཟུང་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཀྲུང་ཐུང་མྱུར་སྐྱེལ་དྲ་ཚིགས་ཀྱི་ལས་དོན་མི་སྣ་བཞི་ཡིས་རྒྱུན་དུ་ཐོ་རེངས་བར་ལས་ཀ་བྱེད་ཀྱི་ཡོད་པ་རེད།

ད་ཆ་མཚོ་སྣ་རྫོང་དུ་ལས་ཀ་བྱེད་མཁན་ཕྱོགས་མིར་རང་རང་སོ་སོའི་ཕ་ཡུལ་གྱི་ཐུམ་སྒྲིལ་འབྱོར་གྱི་ཡོད་ལ། ས་གནས་དེ་གའི་གྲོང་མིས་ཀྱང་ཕྱི་རོལ་དུ་སློབ་སྦྱོང་དང་ལས་ཀ་བྱེད་བཞིན་པའི་གཉེན་ཉེར་མཚོ་སྣ་རྫོང་གི་ཁྱད་ལྡན་ཐོན་རྫས་བསྐུར་ཐུབ་ཀྱི་ཡོད།

“བཞུར་སླ་བའི་མར་ཡིན་ནའང་ང་ཚོས་མཁའ་ཐོག་སྐྱེལ་འདྲེན་བྱེད་ཆོག་གི་ཡོད། མྱུར་སྐྱེལ་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་གྲོང་མི་མང་པོ་ཞིག་གིས་དྲ་ཐོག་ནས་གྱོན་ཆས་ཉོ་གི་ཡོད། མཚོ་སྣ་རྫོང་གི་ཇ་དང་། གྲོ་མ། དབྱར་རྩྭ་དགུན་འབུ། ཕྱུར་བ་སོགས་ཁྱད་ལྡན་ཐོན་རྫས་ཀྱང་མྱུར་སྐྱེལ་དྲ་བ་ནས་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་ཀུའོ་ལུའེ་ཡིས་བཤད།

གཞིས་རྩེ་གྲོང་ཁྱེར་ཀྲུང་ཐུང་མྱུར་སྐྱེལ་དྲ་ཚིགས་ཀྱི་ཅིང་ལི་གཞོན་པ་ཕུའུ་ཤང་ཧྥུའུ་ཡིས་གཞིས་རྩེ་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད། ཕུའུ་ཤང་ཧྥུའུ་2016ལོར་ཁྲུང་ཆིང་ནས་གཞིས་རྩེར་ཡོང་སྐབས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་དེ་ཙམ་དར་རྒྱས་བྱུང་མེད། “སྐབས་དེ་དུས་གཞིས་རྩེའི་མི་སེར་ཚོས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ཐ་སྙད་དེར་རྒྱུས་མངའ་མེད་པ་དང་ཅ་དངོས་བསྐུར་ལེན་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད། ལོ་དེ་དག་ནང་བོད་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ད་ཆ་གཞིས་རྩེ་གྲོང་ཁྱེར་ཀྲུང་ཐུང་མྱུར་སྐྱེལ་དྲ་ཚིགས་སུ་ལས་བཟོ་20ལྷག་ཙམ་ཡོད་པ་དང་། ཐུམ་སྒྲིལ་བསྐུར་ལེན་བྱེད་མཁན་མང་ཚོགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། 2023ལོའི་བོད་ཀྱི་ལོ་གསར་རིང་བྲེལ་བ་ཆེ་ཤོས་སྐབས་སུ་དྲ་ཚིགས་ཀྱིས་མྱུར་སྐྱེལ་ཞབས་འདེགས་ཁྲི་ལྷག་ཙམ་ཞུས་ཡོད”ཅེས་ཕུའུ་ཅང་ཧྥུའུ་ཡིས་བཤད།

བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོར་བོད་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོ་རིམ་རྩིས་བྱས་ན་ཁྲི་17882.59གཉེར་བ་དང་མཐའ་མཚམས་ཀྱི་སྦྲག་སྲིད་ཞབས་ཞུའི་དྲ་བ་དང་རྒྱལ་མཚམས་སྒྲོལ་བའི་བསྐུར་སྐྱེལ་དྲ་བ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་ས་མཐའི་རང་བྱུང་གྲོང་ཚོར་སྦྲག་སྲིད་ཞབས་འདེགས་ཡོངས་ལ་ཁྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།