ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི“གཉིས་གཏོད”རྟེན་གཞིས་ན་གཞོན་གྱི་ལས་གཏོད་ལ་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་ནས་ཤེས་གསལ་ལྟར་ན། མིག་སྔའི་བར་བོད་ལྗོངས་ཀྱིས“གཉིས་གཏོད”རྟེན་གཞི138སྐྲུན་ནས་ཕུགས་འདུན་ཡོད་པའི་ན་གཞོན་གྱི་ལས་གཏོད་གར་སྟེགས་སུ་གྱུར་ཡོད།

W020230314320187580961.jpg

པར་འདི་ནི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལས་གཏོད་གསར་གཏོད་རྟེན་གཞི་ནས་ཕོ་བྲང་ཕོ་ཏ་ལར་རྒྱང་ལྟ་བྱས་པའི་རྣམ་པ་རེད།

བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལས་གཏོད་གསར་གཏོད་རྟེན་གཞི་ནི་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་སུ་གནས་ཤིང་། འདི་ག་ན་གཞོན་ལས་གཏོད་མཁན་གྱི་ཕུགས་འདུན་གྱི་ལས་གཏོད་བྱ་ཡུལ་དུ་གྱུར་ཡོད་ཅིང་། རྟེན་གཞིས་ཁོང་ཚོར་རོགས་བྱས་ནས་ཟོང་རྟགས་དྲིལ་སྒྲོག་དང་རིན་མེད་འགྲེམ་སྟོན་བྱེད་པ་མ་ཟད། ད་དུང་རྟེན་གཞིར་བཅའ་སྡོད་བྱས་པའི་ཁེ་ལས་ལ་གསོ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་མཁོ་འདོན་བྱས། 

བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལས་གཏོད་གསར་གཏོད་རྟེན་གཞིའི་སྤྱི་ཁྱབ་ཅིང་ལི་ཆིན་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། “གཉིས་གཏོད”སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག 2017ལོར་རྟེན་གཞིས་དངོས་སུ་གཉེར་སྐྱོང་བྱེད་མགོ་བརྩམས་ཤིང་། རང་སྐྱོང་ལྗོོངས་རིམ་པའི་གསར་གཏོད་གསོ་སྐྱོང་ལས་སྟེགས་ཡིན་པའི་ཆ་ནས་གཙོ་བོར་ཚན་རྩལ་དང་རིག་གནས། ཡུལ་སྐོར་བཅས་ཀྱི་ཐད་ཤུགས་བསྣན་པ་དང་། མིག་སྔའི་བར་ཁེ་ལས62བསྡུ་ལེན་བྱས་པ་དང་མི2000ལྷག་ལས་ཞུགས་ཐུབ་པར་ཁྲིད་སྟོན་བྱས།

ལོ27སོན་པའི་བསྟན་འཛིན་སྐལ་བཟང་གི་ཕ་ཡུལ་བོད་ལྗོངས་ཉིང་ཁྲིར་ཡོད་ཅིང་། དེ་གའི་ནགས་ཚལ་སྟུག་པོ་ཡིན་པ་དང་ནགས་གསེབ་ཐོན་ཁུངས་ཕུན་སུམ་ཚོགས་པས། ཚང་མས་དེར་བོད་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཅེས་འབོད་ཀྱིན་ཡོད། ཁོང་གིས་ཀླུ་ནང་གསར་འབྱེད་པའི་གཉིས་གཏོད་ཐོན་ལས་གླིང་དུ་ས་གནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་ཁེ་ལས་ཞིག་བཙུགས་པ་དང་། ས་གནས་ཀྱི་རོང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་ཁྲིད་སྟོན་བྱས་ཡོད། “རང་ཉིད་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་དཀོན་པས། ལས་གཏོད་ཀྱི་དུས་མཐོར་དེ་འདྲའི་ཐོགས་ཐུག་མེད་པ་ཞིག་མིན་མོད། འོན་ཀྱང་གླིང་ཁུལ་གྱི་ལས་གཏོད་རོགས་རམ་དགེ་རྒན་གྱི་མཛུབ་སྟོན་འོག ད་ལྟ་ཁེ་ལས་རིམ་བཞིན་རྒྱུན་ལྡན་གྱི་བགྲོད་ལམ་དུ་སྐྱོད་ཡོད་ཅིང་། ལོ་འཁོར་གྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི180ལྷག་ལ་སླེབས་ཡོད”ཅེས་བཤད།

W020230314320187746951.jpg

པར་འདི་ནི་ཀླུ་ནང་གསར་འབྱེད་པའི་གཉིས་གཏོད་ཐོན་ལས་གླིང་གི་ཕྱིའི་བཀོད་པ་རེད།

ཀླུ་ནང་གསར་འབྱེད་པའི་གཉིས་གཏོད་ཐོན་ལས་གླིང་གི་སྤྱི་ཁྱབ་ཅིང་ལི་ཝན་ལིན་མིང་གིས་ངོ་སྤྲོད་བྱས་པ་ལྟར། ཐོན་ལས་གླིང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྐོར་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་སྟོངས་ཡིན་ལ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད། ཚན་རིག་ལག་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་ནུས་ལྡན་སྒོས་ཟུང་འབྲེལ་ཐུབ་པར་སྐུལ་འདེད་བཏང་བ་དང་། བཅའ་སྡོད་བྱས་པའི་ཁེ་ལས་དང་དཔུང་སྡེར་སྟབས་གཅིག་རྣམ་པའི་ལས་གཏོད་གསར་གཏོད་གསོ་སྐྱོང་ཞབས་ཞུ་མཁོ་འདོན་བྱས། ད་ལྟ་ཁྱབ་ཁོངས་ཁག་གི་ལས་གཏོད་མཛུབ་སྟོན་དགེ་རྒན18ཡོད་པ་དང་ཁེ་ལས115ནང་དུ་བཅའ་སྡོད་བྱས་ཡོད།

ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ལས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། “གཉིས་བཏོད”རྟེན་གཞི་འཛུགས་སྐྲུན་ཐད་འཕེལ་རྒྱས་མྱུར་བའི་གྲུབ་འབྲས་བླངས་ཡོད་ལ་ལས་གཏོད་མཁན་གྱི་ཕུགས་འདུན་གཉེར་བར་རོགས་འདེགས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་པའོ་ཧན་ཝུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.57བཏང་ནས“གཉིས་བཏོད”རྟེན་གཞི138སྐྲུན་ཡོད། དེའི་ཁྲོད་རྒྱལ་ཁབ་རིམ་པའི“གཉིས་བཏོད”རྟེན་གཞི22དང་རང་སྐྱོང་ལྗོངས་རིམ་པའི“གཉིས་བཏོད”རྟེན་གཞི38ཡོད།

པའོ་ཧན་ཝུན་གྱིས་རང་སྐྱོང་ལྗོངས་ཀྱིས་ཀུན་གཏོད་བར་སྟོངས་དང་ཚན་རྩལ་ཁེ་ལས་གསོ་སྐྱོང་ཁང་སོགས་ལས་གཏོད་ལས་སྟེགས་དོ་དམ་ལ་ཤུགས་བསྣན་ནས། “གཉིས་བཏོད”རྟེན་གཞིའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་བཏང་ཤིང་། “གཉིས་བཏོད”རྟེན་གཞི་ཁག་གིས་བསྡོམས་པས་ཁེ་ལས2800ལྷག་གསོ་སྐྱོང་བྱས་པ་དང་མི་ཁྲི2.47ལས་ཞུགས་མངོན་འགྱུར་བྱུང་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།