ཀྲུང་གོ་བོད་ཀྱི་དྲ་བ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་གྲོས་གཞིར་བརྟེན་ནས་ཇུས་བཏོན་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། བརྟག་དཔྱད་གཏིང་ཟབ་དང་། ཞིབ་འཇུག་ཞིབ་ཚགས། གྲོས་མོལ་གྲོས་བསྡུར་བཅས་བྱེད་པའི་རྨང་གཞིའི་ཐོག་ཚོགས་ཆེན་ལ་གྲོས་གཞི་ཕུལ་ནས། སྔ་བལྟས་ཕྱི་བསམ་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་གྲོས་འགོ་བཏོན་གནང་ཡོད། དེ་དག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་འདུ་འགོད། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་། ཕྱི་ཕྱོགས་ཚོང་དོན། བོད་ལུགས་གསོ་རིག་འཕེལ་རྒྱས་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པ་དང་། གྲོས་གཞིའི་སྤུས་ཚད་སྤྱིར་ན་མཐོ་ཙམ་ཡོད་པ་རེད། 

ཨུ་ཡོན་སྒྲོལ་དཀར་གྱིས་འདི་ལོ《དམངས་གཉེར་ཁེ་ལས་པས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཆེ་རུ་གཏོང་དགོས》ཞེས་པའི་གྲོས་གཞི་བཏོན་གནང་བ་རེད། ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་ཁོང་གིས་བཅར་འདྲི་དང་ལེན་གནང་སྐབས“དམངས་གཉེར་དཔལ་འབྱོར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཡིན་པས། དམངས་གཉེར་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བཏོད་དེ་ཁེ་ལས་ཀྱི་ཡིད་ཆེས་ཆེ་རུ་བཏང་ནས་འཕེལ་རྒྱས་དོན་གཉེར་དང་། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར། ཁེ་ལས་ཀྱིས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས”ཞེས་གསུངས་པ་རེད།

ཨུ་ཡོན་བཀྲ་ཤིས་དོན་གྲུབ་ཀྱིས《བོད་ལྗོངས་མངའ་རིས་ས་ཁུལ་དུ“འོད་ཤུགས་དང་གསོག་ནུས”ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་གསར་སྤེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》བསྣམས་ཡོད་པ་རེད། “2020ལོར་བོད་དབུས་གློག་དྲ་དང་མངའ་རིས་གློག་དྲའི་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དེས་མངའ་རིས་ས་ཁུལ་གྱི་གློག་སྤྱོད་དཀའ་བའི་གནད་དོན་ཞི་ལྷོད་ནུས་ལྡན་ཕྱིན་ཡོད། མངའ་རིས་སུ་རླུང་འོད་ཚ་གསུམ་སོགས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། གལ་སྲིད་བེད་སྤྱོད་གང་ལེགས་ཐུབ་ཚེ་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ཡོད་ལ། མང་ཚོགས་ལའང་ཕན་པ་དེ་བས་ཐོབ་རྒྱུ་རེད”ཅེས་གསུངས་པ་རེད།

ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་ལ《ཀྲུང་ནེའི་སྐམ་སའི་ཚོང་དོན་བགྲོད་ལམ་བསྐྲུན་ནས་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་བོད་སྨན་གྱི་ཚད་གཞིར་བཟོ་བཅོས་རྒྱག་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《རྒྱལ་ཡོངས་ཀྱི་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞི་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》 《ཡར་ཀླུང་གཙང་པོའི་དབུས་རྒྱུད་བསོད་ནམས་འགག་སྒོ་ནས་ཟངས་རི་དུམ་བུའི་བར་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་བསྐྲུན་རྒྱུའི་སྐོར་གྱི་གྲོས་གཞི》 《ཀྲུང་གོའི་བོད་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་སྤུས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་གྲོས་གཞི་མང་པོ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།