ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་པ་དང་འབྲེལ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ས་གནས་ཁག་དང་ལས་རིགས་ཁག་ཏུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་རེད།

ཉིན་ཤས་གོང་། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཞའོ་ཉིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཁྲོད་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་འགན་འཁྲི་མངོན་པར་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། ཚོགས་འདུའི་ཐོག་ལི་ཞའོ་ཉིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དམ་པོར་དམིགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་སྟེ་དེང་རབས་ཅན་གྱི་ནང་དོན་དང་འཕེལ་རྒྱས་གཏོང་སྟངས། རང་རྒྱལ་གྱིས་དེང་རབས་ཅན་གྱི་བྱེད་ཐབས་འཚོལ་ཞིབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྣམ་བཤད་ལ་གོ་བ་གཏིང་ཟབ་ལེན་པ་བཅས་ཕྱོགས་གསུམ་གྱི་ཐད་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ངོ་བོའི་བླང་བྱ། འཐབ་ཇུས་བཀོད་སྒྲིག་བཅས་ལ་ཕྱོགས་ཡོངས་དང་། ཞིབ་ཕྲ། གཏིང་ཟབ་བཅས་ཀྱི་སྒོ་ནས་གསལ་འགྲེལ་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ལས་དོན་པས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཁྲོད་བྱས་རྗེས་བཞག་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་ཁྲིམས་ཁོངས་གཏོགས་དང་། ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་སོགས་ཚན་པས་ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བས་ལེགས་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་ཕྱི་བྱ་སྤྱོད་དུ་འགྱུར་བ་དང་ནང་སེམས་རྒྱུད་དུ་འཇགས་པར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།

“སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ། བདེ་སྐྱིད་གླུ་དབྱངས་ཁྱེད་ལ་འབུལ”ཉེ་དུས་བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་དམག་དཔུང་སྟོབས་ཆེན་གྱི་རྒྱང་ལམ་གསར་པར་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་ཏེ། དཔོན་དམག་ཚོས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་དམག་དཔུང་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ལུའེ་ཤོག་དེས་ཏང་ཨུད་ཀྱིས་སྤྱི་འདོམས་དང་། འགོ་ཁྲིད་གཙོ་བོས་གཙོར་འཛིན། སྡེ་ཚན་གྱིས་འགན་འཁུར་བ། གོང་འོག་མཉམ་འགུལ་བཅས་མཐའ་འཁྱོངས་བྱས་ནས་ཟུར་ཁྲིད་སློབ་ཁྲིད་ཐེངས་མང་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱ་ཆེའི་དཔོན་དམག་ཚོས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཡོད། སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྒྲོག་འགྲེལ་ཡན་ལག་རུ་ཁག་པན་དང་ཕའེ་རུ་བསྐྱོད་པ་དང་། བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་གཉེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དཔོན་དམག་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་དམག་སྦྱོང་དམག་གྲབས་ཀྱི་ནང་གནས་སྒུལ་ཤུགས་སུ་བསྒྱུར་བར་ཁྲིད་སྟོན་བྱས་ཡོད།

ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་དང་པོས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་གདོང་ལེན་པ་བྱེད”ཅེས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད། འགྲན་བསྡུར་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་ཏེ། ཏང་ཡོན་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། དམིགས་ཚད་གསར་པ། བྱེད་ཐབས་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་བཏང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་དུས་རབས་གསར་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ངོས་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་དང་། བློ་གྲོས་དང་སྟོབས་ཤུགས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡོང་བར་གཅིག་སྒྲིལ། སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྲིམས་ཁང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།

བོད་ལྗོངས་ཧུང་ནོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ཧུའུ་པེ་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཤིག་ཡིན་ཞིང་། དུས་རབས་གསར་པར་འཕེལ་རྒྱས་བྱུང་བའི་དམངས་གཉེར་ཁེ་ལས་ཤིག་གི་ངོས་ནས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད། མིག་སྔར་ཁེ་ལས་དེར་བོད་བྱ་ཁྲི་30ཡོད་པ་དང་ཉིན་རེར་སྒོ་ང་སོས་པ་ཁྲི་28ཟིན་པ་དང་ལས་བཟོ་86ཡོད་པའི་ནང་ལས་བཟོ་30ནི་སྐྱེ་ཁུངས་ལྷོ་ཁའི་མཐོ་སློབ་སློབ་ཐོན་སློབ་མ་རེད།

“ཏང་གི་ཚོགས་ཆེན་ཉི་ཤུ་པས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁེ་ལས་འཕེལ་རྒྱས་ཀྱི་ཕྱོགས་གང་སར་ལག་བསྟར་བྱེད་པ་དང་སྣེ་ཁྲིད་དམག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་ལེན་པ་ཞིག་ཧུར་ཐག་བྱེད་ཀྱི་ཡིན། ང་ཚོའི་ཀུང་སིའི་དམིགས་ཚད་ནི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་30ལྷག་ཟིན་པ་བྱ་རྒྱུ་དེ་ཡིན། ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་དམིགས་ཚད་དེ་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་བོད་ལྗོངས་ཧུང་ནོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་པོ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།