ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གངས་ལྗོངས་ས་མཐོས་དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་བསུས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདས་མ་ཐག་པའི་2022ལོ་ནི་ཆེས་གལ་འགངས་ཆེ་བ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། གངས་ལྗོངས་ས་མཐོས་དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་བསུས་ཡོད།

ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་དུས་བཀག་ལྟར་འཚོགས་ཤིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལོ་གཅིག་རིང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“རིམས་ནད་འགོག་དགོས་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་དགོས་པ། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་དགོས་པ”བཅས་ཀྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་ཁོ་ཚོར་བརྟེན་ནས་ལས་དོན་ཏན་ཏིག་བསྒྲུབས་ཤིང་། འགག་སྒྲོལ་དཀའ་སེལ་གྱིས་ཧ་ཅང་ཛ་དྲག་ཆེ་བའི་དུས་བབ་འོག་ཐོབ་པར་དཀའ་བའི་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།

ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱེད་སྐབས། གཞིས་རྩེའི་འཐུས་མི་ཚོགས་པའི་འཐུས་མི་ཚོས་2022ལོ་ནི་གཞིས་རྩེའི་འཕེལ་རྒྱས་བརྒྱུད་རིམ་དུ་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་པའི་ངོས་འཛིན་བྱེད། ལོ་གཅིག་གི་རིང་གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཚང་མས་གཅིག་སེམས་གཅིག་མཐུན་དང་འབད་འབུངས་མདུན་སྐྱོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”སྐུལ་འདེད་ཏན་ཏིག་བཏང་བ་དང་། ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ཡོད། 2022ལོར་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་365.45བྱུང་ནས་3%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་47551དང་སྒོར་16434ཟིན་ནས་5%དང་8%འཕར་ཡོད། འཐུས་མི་ཚོས་འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་རིང་རྩེ་གྲ་གཏོད་པ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་གཞིས་རྩེའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་སྐྱ་སྦུག་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཙོའུ་ལ་མེ་ཡིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་དོན་སྙིང་གཏིང་ཟབ་ལྡན་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག གཞི་རིམ་ནས་སླེབས་པའི་སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས། ངས་ངེས་པར་དུ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རང་འགན་གཙང་སྒྲུབ་ཀྱིས་ཚོགས་འདུའི་ནང་དོན་ཡག་པོ་ཉན་ནས། ཕྱིར་ལོག་རྗེས་འཕྲལ་མར་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་། ལྷག་པར་དུ་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རྒྱ་ཆེའི་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་གི་ཡིན”ཞེས་གསུངས།

འདི་ལོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ཇོ་མོ་གླང་མའི་སྤྲིན་ཚོམ་དུད་སྣེ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དུད་སྣེ། ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པའི་ལས་སྟེགས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཁྱུག་དབྱིངས་སོགས་བརྒྱུད་ཐད་གཏོང་བྱས་པ་རེད།

“སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་ཕྱོགས་སྡོམ་བྱས་པའི་གྲུབ་འབྲས་དག་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་དང་། བཏོན་པའི་བྱེད་ཐབས་ནི་ཏན་ཏིག་དང་ནུས་ལྡན་ཡིན་པས་ནང་དོན་ཆ་ཚང་བ་དང་། དམངས་འཚོ་དང་ཉེ་བཅར། དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་རྫོང་དཔོན་གཞོན་པ་ཡའོ་ཡིའུ་པིང་གིས་གསར་འགོད་པར་གསུངས་པ་རེད།

ཡའོ་ཡིའུ་པིང་གིས། 2022ལོར། སྒེར་རྩེ་རྫོང་གིས་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ལམ་ལུགས་ཀྱིས་ལས་དོན་དང་མི་ལ་དོ་དམ་མཐའ་འཁྱོངས་བྱས་ནས《སྒེར་རྩེ་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་གནས་སྐབས་དོ་དམ་བྱ་ཐབས》བཟོས་ནས་སྐར་ཁུང་གི་ལས་དོན་པའི་བྱ་སྤྱོད་ཀྱི་ཚད་གཞི་དང་ཞབས་ཞུའི་ཚད་གཞི་སྔར་བས་ཚད་ལྡན་དུ་བཏང་སྟེ། ཏང་ཡོན་གྱི་གདོང་ལེན་ལས་གནས་དང“བྱ་བ་སྒྲུབ་མ་ཐུབ་པ”ཞུ་བའི་སྐར་ཁུང་བཙུགས་ནས་སྐར་ཁུང་གི་ལས་དོན་པའི་བསམ་བློའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་བ་དང་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད། ཞབས་འདེགས་ལེགས་གཏོང་མཐའ་འཁྱོངས་ཀྱིས་བཅའ་སྡོད་སྐར་ཁུང་དང་བཅའ་སྡོད་ལས་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་བས་བཅའ་སྡོད་སྐར་ཁུང་16དང་བཅའ་སྡོད་དོན་ཚན་31ཟིན་ཡོད་པ་རེད། ཞབས་འདེགས་ཀྱི་ནུས་པ་ལེགས་སུ་བཏང་བ་བརྒྱུད་གཉེན་སྒྲིག་ཐོ་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ། གཞི་རྩའི་སྨན་བཅོས་འགྲོ་སོང་རྩིས་ཞུ་དང་སྨན་བཅོས་རོགས་སྐྱོབ་སོགས་ལས་སྒོར“གཅིག་འཐུས་རྣམ་པའི”ཞབས་འདེགས་མངོན་འགྱུར་བྱུང་ཡོད། “ལེགས་ཞན་དཔྱད་བསྡུར”གྱི་ལས་ཀའི་ལམ་སྲོལ་ལ་ཤུགས་སྣོན་མཐའ་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་བསྐྲུན་པའི“དྲ་གཅིག་ཀུན་སྒྲུབ”ཀྱི་སྲིད་དོན་ཞབས་འདེགས་གཞི་གཅིག་ཅན་གྱི་ལས་སྟེགས་ལ་བརྟེན་ནས་ཞབས་འདེགས་ལ་གདེང་འཇོག་བྱས་ཏེ། ཞབས་འདེགས་ཁྱབ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། མིག་སྔར། རྫོང་གི་སྲིད་དོན་ཞབས་ཞུའི་དོན་ཚན་ཁག་859ཟིན་པ་དང་རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་ལ་ལས་སྒྲུབ་གྲངས་གཞི་ཁག་28512ཕུལ་བ་ལས་ཁག་16340ལ་གདེང་འཇོག་བཟང་པོ་ཐོབ་ནས་བློ་ཡིད་ཚིམ་ཚད་100%ཟིན་ཡོད་ཅེས་གསུངས་པ་རེད།

དངོས་གཉེར་བྱས་ཚེ་ཕུགས་འདུན་མངོན་འགྱུར་ཐུབ། འབད་འཐབ་བྱས་ཚེ་འོད་སྟོང་གཏོད་པར་ནུས། འཐུས་མི་དང་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཕྱར་བ་གྲུ་འདེགས་ཀྱི་འབད་བརྩོན་བཅས་འོག་མི་དམངས་མང་ཚོགས་ཀྱི་འཚོ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།