ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འདམ་གཞུང་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་ནས་འགོ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་རང་རྟོགས་ངང་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བའི་འགན་ལེན་བྱས་པ་རེད།

སྐྱེ་ཁམས་ཉམས་གསོ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། 

ད་ཆ་སྒོ་བརྒྱབ་ཟིན་པའི་འདམ་གཞུང་རྫོང་ཉིན་གྲོང་ཤང་སྟོད་གླིང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་བྱེ་རྡོ་ར་བར་སྐྱོད་སྐབས། དེ་གར་བྱེ་རྡུལ་གང་སར་ཁྱབ་པའི་སྔོན་ཆད་དང་མི་འདྲ་བར་སྐྱ་སེར་དུ་ཆགས་པའི་ན་ཁས་བཀླུབས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་འགན་གྱི་གསལ་ཐོ་གཞིར་བཟུང་། འདམ་གཞུང་རྫོང་གིས་ཀྲུང་དབྱང་གི་སྐྱེ་ཁམས་གཞན་སྒྱུར་གཏོང་སྤྲོད་མ་དངུལ་ནས་སྒོར་ཁྲི་370ལྷག་ཙམ་བྱེ་རྡོ་ར་བའི་ཁོར་ཡུག་ཉམས་གསོ་བྱེད་པར་སྤྱད་པར་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོན་ཡོད།

མིག་སྔའི་བར། འདམ་གཞུང་རྫོང་གིས་ཀྲུང་དབྱང་གི་རེས་སྐོར་དང་པོའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་འབྲེལ་བའི་གནད་དོན་དག་ཐེར་བྱེད་རིང་ཁ་གསལ་བཟོས་པའི་བྱ་ཐབས་དང་ལས་འགན་ཁག་99ཚང་མ་ལེགས་གྲུབ་ཟིན་ཡོད། དེ་དང་དུས་མཚུངས། 《འདམ་གཞུང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི》དང《འདམ་གཞུང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི》སོགས་བཀྲམ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ཤུགས་ཆེན་སྤེལ་བ་རེད།

གནམ་མཚོ་མཛེས་ལྗོངས་ཁུལ་དུ་དེ་སྔ་ཚོང་པ་དང་མང་ཚོགས་ཁག་གཅིག་གིས་ཡུལ་སྐོར་བར་གནས་སྐབས་སྣེ་ལེན་ཞུ་སའི་སྟབས་བདེའི་ཁང་པ་རང་དགར་རྒྱས་སྐྲུན་བྱས་པས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ཟང་ཟིང་ཆེ་བར་གྱུར་ནས། གནམ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ཡུལ་སྐོར་བ་མཛེས་ལྗོངས་མྱོལ་རོལ་བྱེད་པར་ཡང་ཤུགས་རྐྱེན་ཐེབས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བཏོན་པའི་དག་ཐེར་བྱེད་དགོས་པའི་གནད་དོན་ལ་དམིགས་ནས། འདམ་གཞུང་རྫོང་གིས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁྱོན་མ་དངུལ་སྒོར་ཁྲི་3402.24བཏང་ནས་གནས་སྐབས་ཨར་སྐྲུན་དུད་ཚང་107དང་ཁྲོམ་བཀྱག་45བཤིག་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་སྐྱེ་ཁམས་ཉམས་གསོ་བཅོས་སྒྲིག་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། རིམ་རྩིས་བྱས་ན། སྐྱེ་ཁམས་ཉམས་གསོ་བཅོས་སྒྲིག་དང་ཁོར་ཡུག་ནུས་པ་འཛུགས་སྐྱོང་ལ་སྤྱད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གཞན་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་ཁྲི་9400ཙམ་ཟིན་ཡོད་པ་རེད།

སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། 

འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་འདམ་གཞུང་རྫོང་གི་རྩྭ་ཐང་གི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%ཡན་བཟུང་ཡོད་པས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དབྱེ་མཚམས་ཕྱེ་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོན་འཁྱོལ་བྱས་ཏེ། མི་ཐབས་རྩྭ་འདེབས་དང་། ཕྱུགས་བསྐྱུར་རྩྭ་གསོ། རྩྭ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ད་ཆའི་འདམ་གཞུང་རྫོང་གི་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།

རང་བྱུང་རྩྭ་ར་རྒྱུན་མཐུད་བེད་སྤྱོད་དང་འབྲོག་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་ནས་ཆུའི་སྦགས་བཙོག་འགོག་བཅོས་ནན་པོ་བྱས་པ་དང་། རྩྭ་ཐང་ལ་བརྟེན་ནས་ཕྱུགས་རིགས་ཀྱི་མང་ཉུང་གཏན་འཁེལ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པས། “མི་ཡིས་ཆུ་བོ་སྲུང་སྐྱོང་དང་། ཆུ་བོས་རྩྭ་ཐང་གསོ་བ། ཕྱུགས་རིགས་ལ་གཟན་རྩྭ་ཡོད་པ། ཕྱུགས་རིགས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱེད་པ”བཅས་ཀྱི་སྐྱེ་ཁམས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད།

སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ལམ་ལུགས་སྔོན་ལ་ལག་བསྟར་བྱེད་དགོས། “སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་ལ་གཞི་ཚུགས་ཏེ་འདམ་གཞུང་རྫོང་གིས《འདམ་གཞུང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ལག་བསྟར་ཇུས་གཞི》སོགས་ལམ་ལུགས་རང་བཞིན་གྱི་ཡིག་ཆ་བཟོས་ནས་རྫོང་དང་། ཤང(གྲོང་རྡལ) གྲོང་ཚོ། “གཉིས་ལྡན་དུད་སྦྲེལ”ཁྱོན་ཡོངས་ལ་ཁྱབ་པའི་ཁོར་ཡུག་ལྟ་འདོམས་མ་ལག་བཙུགས་ཡོད།

ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་3.8བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་དང་། འདམ་ར་སྲུང་སྐྱོང་འདུ་འགོད། ས་མཐོའི་ཆུ་བོ་དང་མཚོ་མོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྲུང་སྐྱོང་འདུ་འགོད་བཅས་ལག་ལེན་བསྟར་བས་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁེ་སྤོགས་མཉམ་སྤྱོད་བྱས་པ།

“ད་ཆ་མི་སེར་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་རང་ཉིད་ཀྱི་ལྟོ་ཕོར་སྲུང་བ་དང་གཅིག་མཚུངས་ཡིན་པ་ཤེས་ཀྱི་ཡོད” གནམ་མཚོ་ཤང་དག་པོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་རྡོ་རྗེས། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་མིའི་སྣེ་ཁྲིད་དེ་འབྲོག་པའི་ཡུལ་སྐོར་ཞབས་ཞུའི་མཉམ་ལས་ཁང་བཙུགས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ཡོད། རྣམ་གྲངས་དེ་ཁོ་ན་ལས་གྲོང་མི་མི་རེ་ངོ་རེར་ཁེ་སྤོགས་སྒོར་700ལྷག་ཙམ་ལེན་རྒྱུ་བྱུང་ཡོད་ཅེས་བཤད།

ད་ཕན་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གནམ་མཚོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་། ཡངས་པ་ཅན་གྱི་ས་འོག་ཚ་ནུས་ཆུ་ཚན་སྤྲོ་གསེང་ཁུལ། བོད་བྱང་ཐང་ཡུལ་སྐོར་མྱོང་རོལ་རྒྱུད་བཅས“ཁུལ་གཉིས་དང་རྒྱུད་གཅིག”གི་ཡུལ་སྐོར་འཕེལ་རྒྱས་བཀོད་པ་བཏོད་ནས་རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དེ“སྒོ་འཛིན་དཔལ་འབྱོར”ནས“ཐོན་ལས་དཔལ་འབྱོར”བར་བསྒྱུར་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།

གྲངས་གཞི་ལས་མངོན་གསལ། 2020ལོ་ནས་བཟུང་། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ནང་ཞིང་འབྲོག་པ་མི་ཐེངས་8278ལས་ཞུགས་གཞན་སྒྱུར་ཐུབ་པ་དང་འབབ་འཕར་སྒོར་ཁྲི་1964.99བྱུང་ཡོད་པ་རེད།

སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་བཏང་བ་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱས་ཤིང་། 2019ལོར་འདམ་གཞུང་རྫོང་ལ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་རག་ཡོད། “ང་ཚོས་ལས་སླ་པོར་ཐོབ་པ་མིན་པའི་གྲུབ་འབྲས་ལ་གཅེས་སྤྲས་བྱས་ཏེ། སྔོ་འགྱུར་ཆེད་མུ་མཐུད་འབད་འཐབ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགྲོ་ལམ་ཐོག་དེ་བས་བརྟན་པོ་བསྐྱོད་རྒྱུ་ཡིན”ཞེས་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཐུབ་བསྟན་འཕེལ་རྒྱས་ཀྱིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།