ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པ་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་པ་སྡེ་ཁུལ་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་བྱ་ཡུལ་དུ་སླེབས་སྐབས་རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་བཞིན་དུ་གོ་རིམ་ལྡན་པའི་ངང་ལས་ཀར་བྲེལ་བཞིན་འདུག ད་ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དེ་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་འགན་གཙང་འགན་ལེན་རྣམ་གྲངས་ཀྱི་ཁྱབ་ཁོངས་ནང་བཅུག་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཙོ་གནད་སྒྲུབ་སྐུལ་ལས་དོན་ནང་བཅུག་ནས《བོད་རང་སྐྱོང་ལྗོངས་ཀྱི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་དཔྱད་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར》སོགས་ཡིག་ཆ་བཀྲམ་ཏེ།“གཟའ་འཁོར་རེའི་བཀོད་གཏོང་དང་། ཟླ་རེར་དྲ་ཐོག་ཏུ་རེའུ་མིག་འགོད་པ། ལོར་ཕྱོགས་སྡོམ་བྱེད་པ་བཅས”དང“དུས་འབྲིང་དུ་ཞིབ་བཤེར་དང་ལས་མཇུག་བསྒྲིལ་རྗེས་ཟུར་བཤེར”སོགས་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། 2019ལོ་ནས་བཟུང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་350ལྷག་ཙམ་བསྐྲུན་པ་དེ་2018ལོ་ལས་མུའུ་ཁྲི་210ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་བཅས་བྱས་ནས། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་ཚང་མ་རིམ་གྱིས་ཚད་གཞི་མཐོ་བའི་ས་ཞིང་དུ་བསྐྲུན་དགོས་ཞེས་བཏོན་ཡོད། 

བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ས་ཞིང་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་པ་སངས་ཚེ་བརྟན་གྱིས་གསར་འགོད་པར“ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པར་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་དེ་བཞིན་ཐོན་སྐྱེད་ཀྱི་འགལ་རྐྱེན་གཙོ་བོའི་རྒྱུ་རྐྱེན་ལ་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་འཛུགས་སྐྲུན་གྱི་གཙོ་གནད་དང་ནང་དོན་གཏན་འཁེལ་བྱེད་པ་དང་། ས་ཞིང་དང་། ས་རྒྱུ། ཆུ། ལམ། ནགས་ཚལ། གློག ལག་རྩལ། དོ་དམ་བཅས་ཕྱོགས་བསྡུས་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་ཞིང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་ལེ་ལག་ཚང་སྒྲིག་མངོན་འགྱུར་བྱེད་པ། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བ་བཅས་བྱེད་དགོས”ཞེས་བརྗོད་པ་དང་ཁོང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བརྒྱུད་ས་ཞིང་མུའུ་རེའི་ཐོན་འབབ་10%ཡན་འཕར་ཐུབ། 2021ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.15ཟིན་ནས་ལོ་7བསྟུད་མར་ཐོན་འབབ་ཏུན་ཁྲི་བརྒྱ་ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཡིག་ཆ་མང་པོ་བཀྲམ་ནས་ས་ཞིང་འཛུགས་སྐྲུན་དོ་དམ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་འདི་ལོའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་དང་དུས་མཚུངས་2023ལོའི་ཚད་གཞི་མཐོ་བའི་ས་ཞིང་གསར་སྐྲུན་རྣམ་གྲངས་དང་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔ་སྣུར་དུ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)བཅས་ཀྱི་ནོར་སྲིད་མ་དངུལ་དོན་འཁྱོལ་ཧུར་ཐག་བྱས་ནས་མ་འཇོག་གི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ། གཞིས་རྩེ་སོགས་གྲོང་ཁྱེར་གྱིས་མུའུ་རེར་ཆ་སྙོམས་མ་དངུལ་གཏོང་ཚད་སྒོར་3000ཟིན་པའམ་ཡང་ན་དེ་དང་ཧ་ལམ་མཚུངས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བར་འགན་ལེན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།