ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཆབ་མདོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་ཁུལ་གསར་དུ་སྐྱོད་སྐབས། འཛུགས་སྐྲུན་ཡོ་ཆས་དང་འཕྲུལ་འཁོར་གྱི་ལྡིར་སྒྲས་ཁེངས་ཤིང་། བཅའ་སྡོད་ཁེ་ལས་ཁག་གིས་མྱུར་ཚད་དང་ལས་ཡུན་ལ་དམ་འཛིན་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།

གསར་འགོད་པས་ཀྲུང་ཅན་ཁང་ཆའོ་སྨན་རྫས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ནས་མཐོང་བར། གསར་དུ་བསྐྲུན་པའི་བཟོ་ཁང་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་། ཞིབ་བཤེར་རྩིས་ལེན་བྱས་རྗེས་སྤྱད་ཆོག ཀུང་སི་དེའི་ནོར་དོན་འགན་འཁུར་བ་ཁྲེན་ཚའེ་ཡུན་གྱིས་ཁྲལ་རིན་གཉིས་ཆག་དང་ལས་གནས་བརྟན་གཏོང་གི་ཁ་གསབ་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཡིག་ཐོག་སྙན་སེང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། “ཉིན་ཤས་གོང་དོ་དམ་ཨུ་ལྷན་གྱིས་ང་ཚོ་སྒྲིག་འཛུགས་བྱས་ནས་བཅའ་སྡོད་ཁེ་ལས་སུ་སྲིད་འཛིན་དང་། དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་ཚོགས་འདུ་དང་སྲིད་ཇུས་གསོ་སྦྱོང་ཚོགས་འདུར་ཞུགས་སུ་བཅུག་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་པོ་ཡོང་བའི་གནས་སྐབས་རང་བཞིན་གྱི་བྱེད་ཐབས་འགར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་དོགས་གཞིར་ལན་ཡང་བཏབ་ནས། ང་ཚོར་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་གསར་ཤོས་སྔར་བས་ཤེས་སུ་བཅུག་པ་རེད”ཅེས་ཁྲེན་ཚའེ་ཡུན་གྱིས་བཤད།

ཁེ་ལས་ཀྱི་ངོས་ནས་བརྗོད་ན། མ་དངུལ་བསྡུ་སྒྲིལ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་དོ་དམ་ཨུ་ལྷན་གྱིས་འབྲེལ་ཡོད་དངུལ་ཁང་དང་མཐུན་སྦྱོར་ཐེངས་མང་བྱས་ནས་ཁེ་ལས་ལ་ཞབས་འདེགས་ཞུ་གི་ཡོད། ཆབ་མདོའི་ཁུལ་གསར་དུ་བཅའ་སྡོད་བྱས་ཚུན། ཀྲུང་ཅན་ཁང་ཆའོ་སྨན་རྫས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཁྱོན་སྒོར་ཁྲི་2000བྱས་པ་དེས་འཁོར་རྒྱུག་མ་དངུལ་འདང་ངེས་ཡོད་པ་མ་ཟད། ད་དུང་བཟོ་ཁང་གསར་པ་ཡང་བསྐྲུན་ཡོད།

ཆབ་མདོའི་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དོ་དམ་ཨུ་ལྷན་གྱི་རིམ་པ་གསུམ་པའི་བརྟག་ཞིབ་པ་ཁྲེན་ཀྲེན་གོ་ཡིས“ཁེ་ལས་ཀྱིས་སེམས་ཁུར་བྱེད་པའི་ལས་གནས་བརྟན་གཏོང་དང་མ་དངུལ་ཕྱིར་སློག ཁྲལ་རིན་གཉིས་ཆག སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་ནར་འགྱངས། ཐེངས་གཅིག་རང་བཞིན་གྱི་ལས་གནས་མང་གཏོང་ཁ་གསབ་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་དམིགས་ནས་ང་ཚོས་གྲོང་ཁྱེར་མི་སྤྱི་ཅུས་དང་། ཁྲལ་དོན་ཅུས། དངུལ་རྩའི་སྒྲིག་གཞི་སོགས་ཚན་པའི་ལས་དོན་པ་གདན་དྲངས་ནས་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ་ཁེ་ལས་ཀྱིས‘སྲིད་ཇུས་ཤེས་པ་དང་། རེ་འདུན་ཞུ་ཤེས་པ། ལོངས་སྤྱོད་ཐུབ་པ’བཅས་འགན་ལེན་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ནས། ཆབ་མདོ་ཁུལ་གསར་གྱིས་ལས་ཕྱོད་ཆེ་བའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་པར་དམིགས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་དོ་ཁུར་ཆེན་པོ། ཁེ་ལས་ཀྱི་རེ་བ་ཉན་པ་བཅས་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་ཏན་ཏིག་སེལ་རོགས་དང་། སེམས་དྲོ་ལ་སྙིང་ཉེ་བའི་ཞབས་འདེགས་ཞུས་ཡོད”ཅེས་བཤད།

ཁྲེན་ཀྲེན་གོས“ང་ཚོས་ཁེ་ལས་ལ་བུ་རྫི་རྣམ་པའི་ཞབས་འདེགས་ཞུ་བ་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་ཀྱི་བྱ་ཐབས་ནུས་ལྡན་བཏོན་ནས་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་བྱས་ཡོད། ད་ལོའི་ཚུན། ཆབ་མདོ་ཁུལ་གསར་དུ་ཁེ་ལས་30ཙམ་ལ་ཐོན་ལས་རོགས་སྐྱོར་ཁ་གསབ་སོགས་སྲིད་ཇུས་ཀྱི་མ་དངུལ་སྒོར་དུང་ཕྱུར་3.01སྤྲད་པ་དང་། ཁེ་ལས་ཕྲན་ཚེགས་21གི་ཁང་གླ་སྒོར་ཁྲི་1056ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་བས་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད་ལ། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཆབ་མདོ་ཁུལ་གསར་དུ་ཐོ་བཀོད་པའི་ཁེ་ལས་137མང་དུ་ཕྱིན་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།