ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གི་ལ་རྒྱབ་ཤོད་གྲོང་ཚོས་ནས་ཆང་བསྙལ་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནས་ཆང་འདི་ཞིམ་པོ་འདུག་ལ་གོང་ཡང་ཁེ་པོ་འདུག་ཅེས་སྐུ་མགྲོན་གྱི་བསྔགས་བརྗོད་ཐོས་རྗེས་ཚེ་སྒྲོལ་ཧ་ཅང་དགའ་པོ་བྱུང་། ལོ་38ལ་སླེབས་པའི་ཚེ་སྒྲོལ་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ལ་རྒྱབ་ཤོད་གྲོང་ཚོའི་དཔལ་འབྱོར་ནགས་ཤིང་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ནས་ཆང་ཐོན་སྐྱེད་རྣམ་གྲངས་ཀྱི་འགན་འཁུར་བ་རེད།

2021ལོའི་ཟླ་12པར་གྲོང་མིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ལ་རྒྱབ་ཤོད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོས་བསྡུར་བྱས་ནས་ལ་རྒྱབ་ཤོད་ཀྱི་དཔལ་འབྱོར་ནགས་ཤིང་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ནས་ཆང་ཐོན་སྐྱེད་རྣམ་གྲངས་གཉེར་རྒྱུའི་ཐག་བཅད། ཤང་ཏང་ཨུད་ཀྱི་མོས་མཐུན་ཐོབ་རྗེས་ལ་རྒྱབ་ཤོད་གྲོང་ཚོས་འཕྲལ་དུ་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་བཙུགས། ཕྱོགས་མང་པོའི་མཐུན་སྦྱོར་སྐུལ་འདེད་འོག་2022ལོའི་ཟླ་7ཚེས་18ཉིན་ཁྱོན་མ་དངུལ་སྒོར་ཁྲི་35.5བཏང་བའི་ནས་ཆང་ཐོན་སྐྱེད་རྣམ་གྲངས་དེ་ལ་རྒྱབ་ཤོད་གྲོང་ཚོར་དངོས་སུ་གཉེར།

ཚད་ལྡན་ཅན་གྱི་ནས་ཆང་སྙོལ་བའི་ཐོན་སྐྱེད་འཁོར་ཁང་བསྐྲུན་ཆེད། མཉམ་ལས་ཁང་གིས་ལྗོངས་ཕྱི་ནས་ལག་རྩལ་བ་གླས་ཏེ་ས་གནས་ས་ཐོག་ཏུ་ནས་ཆང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཆ་ཚང་དང་ཚད་ལྡན་གྱི་བཀོལ་སྤྱོད་བྱེད་སྟངས་མཛུབ་ཁྲིད་བྱས། ལག་རྩལ་བའི་རོགས་རམ་འོག་ནས་ཆང་ཐོན་སྐྱེད་འཁོར་ཁང་མགྱོགས་མྱུར་བསྐྲུན་ཟིན་ལ་འབྲེལ་ཡོད་འཕྲུལ་ཆས་དང་སྒྲིག་ཆས་ཀྱང་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་བྱས།

ནས་ཆང་ཐོན་སྐྱེད་འཁོར་ཁང་སྐྲུན་རིང་ཚེ་སྒྲོལ་གྱིས་ལག་རྩལ་དགེ་རྒན་གྱི་ས་ནས་ལག་རྩལ་སྦྱངས། ཟླ་བ་གསུམ་རིང་གི་སློབ་སྦྱོང་དང་ལག་ལེན་བརྒྱུད་ཚེ་སྒྲོལ་གྱིས་མ་བཅོས་རྒྱུ་ཆ་བེད་སྤྱོད་དང་། སྡེབ་སྦྱོར། རླངས་བཙོ། སྙོལ་བ། ཉར་ཚགས་སོགས་ནས་ཆང་སྙོལ་བའི་ལག་རྩལ་གྱི་བརྒྱུད་རིམ་དང་བཀོལ་སྤྱོད་རྩལ་ནུས་བཅས་ཁོང་དུ་ཆུད་པ་མ་ཟད། ཐ་ན་འཕྲུལ་ཆས་དང་སྒྲིག་ཆས་ལ་སྐྱོན་ཤོར་ནའང་ཁོང་གིས་མགྱོགས་མྱུར་གྲལ་བཤེར་དང་བཟོ་ཐུབ་ཀྱི་ཡོད།

ནས་བསྡུ་བའི་དུས་ཚིགས་སུ་སླེབས་སྐབས། ལ་རྒྱབ་ཤོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་བཀྲ་ཤིས་ཀྱིས་གྲོང་མི་ཚོར་བརྔ་བསྡུ་བྱས་པའི་ནས་གྲོང་ཚོ་ཨུ་ལྷན་དུ་ཁྱེར་ནས་འཚོང་རྒྱུའི་བརྡ་ཐོ་བཏང་བ་དང་ཁྲོམ་རའི་རིན་གོང་ལྟར་རྒྱ་མ་རེར་སྒོར་2བྱས་ནས་ཡུལ་མི་ཚོའི་ནས་རྒྱ་མ་ཁྲི་2ལྷག་ཙམ་ཉོས་ཏེ་འཕྲལ་མར་དངུལ་རྩིས་བརྒྱབ། “མི་ཚེ་གཅིག་ནས་བཏབ་པ་ཡིན། དེ་སྔ་སྤྱིར་ན་རང་ཁྱིམ་དུ་སྤྱོད་ཀྱི་ཡོད། ད་ཆ་ང་ཚོས་གྲོང་ཚོའི་མཉམ་ལས་ཁང་ལ་བཙོང་ཆོག་ལ་ཞིང་དལ་སྐབས་མཉམ་ལས་ཁང་དུ་གླ་པར་བསྐྱོད་ཆོག་པས་ཁྱིམ་གྱི་ཡོང་འབབ་མང་དུ་ཕྱིན་སོང་། སླད་ཕྱིན་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་ཡུལ་མི་ཚོས་དགའ་སྤྲོའི་ངང་བཤད།

མ་བཅོས་རྒྱུ་ཆ་ཡོད་སྟབས་ནས་ཆང་སྙོལ་བ་ཉིན་རེའི་གྲོས་རིམ་དུ་བཅུག་མོད། འོན་ཀྱང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་ཐུམ་སྒྲིལ་དང་རྒྱུ་ཆ་དུས་ཐོག་ཏུ་སྐྱེལ་ཐབས་བྲལ་ནས་མཉམ་ལས་ཁང་གི་ཐོན་སྐྱེད་འཆར་གཞི་འཁྲུགས། ནས་ཆང་གི་སྤུས་ཚད་འགན་ལེན་བྱ་ཆེད། ཚེ་སྒྲོལ་གྱིས་དེ་སྔའི་འཆར་གཞིར་འགྱུར་ལྡོག་བཏང་སྟེ་སྔོན་ལ་ནས་ཆང་སྙོལ་བའི་གྲོས་འགོ་བཏོན།

མཉམ་ལས་ཁང་གིས་ཟླ་བ་གཉིས་ལྷག་ཙམ་རིང་ཁག་བགོས་ཐོན་སྐྱེད་ལས་སྣོན་བྱ་ཐབས་སྤྱད་དེ་ནས་རྒྱ་མ་ཁྲི་2ལྷག་ཙམ་ལ་ཨ་རག་ཉིང་ཁུའི་ཚད་གཞི་མི་འདྲ་བའི་ནས་ཆང་རྒྱ་མ་17000བསྙལ་བ་རེད།

འདི་ལོའི་ཟླ་11པའི་ཟླ་འགོར། ཨ་རག་ཤེལ་དམ་དང་། ཨ་རག་ཐུམ་སྒྲིལ། ཨ་རག་བླུག་སྒམ་སོགས་ཐུམ་སྒྲིལ་རྒྱུ་ཆ་དབོར་ཟིན་པ་དང་བསྟུན་ནས་མཉམ་ལས་ཁང་གིས་འཕྲལ་དུ་སྤུས་ཚད་ལ་ཞིབ་བཤེར་དང་ཐུམ་སྒྲིལ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས།

ཚེ་སྒྲོལ་གྱིས“ཨ་རག་ཉིང་ཁུའི་ཚད་གཞི་མི་འདྲ་བར་གཞིགས་ནས་ཕྱིར་ཚོང་རིན་གོང་རྩིས་བརྒྱབ་ཚེ་ང་ཚོས་ཐོན་སྐྱེད་བྱས་པའི་ནས་ཆང་ཁག་དང་པོར་སྔོན་དཔག་བྱས་ན་སྒོར་ཁྲི་50ལྷག་ཙམ་རག་རྒྱུ་དང་ཁེ་སྤོགས་སྒོར་ཁྲི་30ཟིན་ངེས་རེད”ཅེས་དགའ་སྤྲོའི་ངང་བཤད།

སྐལ་བཟང་བཀྲ་ཤིས་ཀྱིས་གསར་འགོད་པར“མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ནས་ཆང་ཁྲོམ་རར་སྐད་གྲགས་དེ་ཙམ་ཆེན་པོ་མེད་པའི་དབང་གིས་གོམ་སྟབས་རྗེས་མར་ང་ཚོས་རྫོང་ཁོངས་དང་ཐ་ན་གྲོང་ཁྱེར་གྱི་ཁོངས་གཏོགས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དང་འབྲེལ་བ་རྒྱ་ཁྱབ་བྱེད་རྒྱུ་མ་ཟད། སྐད་འཕྲིན་གྱི་གྲོགས་ཚོགས་བརྒྱུད་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་རི་མཐོ་གྲོག་རོང་གི་ཞིམ་མངར་ལྡན་པའི་ནས་ཆང་རྒྱུས་མངའ་ལོན་མཁན་མང་དུ་བཏང་སྟེ་འཛད་སྤྱོད་པ་དེ་བས་མང་བའི་ཡིད་དབང་འགུག་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།