ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཚོད་ལྟའི་ལས་དོན་རིང་ཞིང་ལས་ཀྱི་ས་གཤིས་བརྟག་དཔྱད་ཀྱི་མ་དཔེ་བླངས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི(ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ཞེས་བསྡུ་རྒྱུ)ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་སྔོན་དུ་ཚོད་ལྟའི་རྫོང་གི་ལས་ཀའི་ཇུས་གཞི་ཐོ་འགོད་སྙན་སེང་ལེགས་སྒྲུབ་ཟིན་པ་དང་། ལྷོ་ནུབ་ས་ཁུལ་དུ་ཚོད་ལྟའི་ལས་དོན་གྱི་འགྲོ་གྲོན་སྔོན་ལ་གྲངས་ཚང་སྤྲད་ཟིན་པ། མིག་སྔར་ཞིང་ལས་ཀྱི་ས་གཤིས་བརྟག་དཔྱད་ཀྱི་མ་དཔེ་བླངས་ཟིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སུ་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱེད་རིང་རྨོ་ཞིང་མུའུ་ཁྲི་663.13དང་། ལྡུམ་ར་མུའུ་ཁྲི་17.91 ནགས་ས་མུའུ་ཁྲི་26844.14 རྩྭ་ཐང་མུའུ་ཁྲི་120097.54བཅས་ཡོད་པ་དེ་དག་ཞིང་ནགས་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ཁུལ་ཚང་མར་ཧ་ལམ་ཁྱབ་ཡོད་པ་རེད། ཕྱོགས་ཡོངས་ནས་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱས་པ་བརྒྱུད། རང་ལྗོངས་ཀྱི་ས་རྒྱུའི་ཐོན་སྐྱེད་ནུས་ཤུགས་ཀྱི་གནས་ཚུལ་སྔར་བས་ཁ་གསལ་ཡོང་རྒྱུ་མ་ཟད། ཞིང་འབྲོག་ལས་ཀྱི་ཐོན་ལས་བཀོད་པ་དང་འཕེལ་རྒྱས་ལེགས་སུ་གཏོང་རྒྱུ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་རྒྱུ་བཅས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་2022ལོར་བྱེད་འགོ་ཚུགས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ཚོད་ལྟའི་ལས་དོན་སྤེལ་བ་རེད། 2023ལོ་ནས་2024ལོའི་བར་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་བྱེད་འགོ་འཛུགས་རྒྱུ་དང་། 2025ལོར་གྲུབ་འབྲས་ཕྱོགས་སྡོམ་དང་། ཞིབ་བཤེར་རྩིས་ལེན། ཕྱོགས་སྡོམ་བཅས་བྱ་རྒྱུ་རེད། སང་ལོར་ཕྱོགས་ཡོངས་ནས་སྤེལ་བའི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ནི་ལོ་40ལྷག་ཙམ་སོང་རྗེས་རང་རྒྱལ་གྱིས་ས་རྒྱུར་བསྐྱར་དུ“ཕྱོགས་ཡོངས་ནས་བརྟག་དཔྱད”ཐེངས་གཅིག་བྱེད་པ་ཞིག་རེད། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནང་རྨོ་ཞིང་དང་། ལྡུམ་ར། ནགས་ས། རྩྭ་ཐང་སོགས་ཞིང་སྤྱོད་ས་ཞིང་དང་བེད་སྤྱོད་མ་བྱས་པའི་ས་རྒྱུ་ཁག་གཅིག་ཚུད་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ་གཙོ་བོ་ས་བབ་ཆ་རྐྱེན་དང་། ས་རྒྱུའི་དངོས་ལུགས་རྫས་འགྱུར་ཅན་གྱི་རྣམ་པ། ས་རྒྱུའི་རིགས། ས་ཆ་བེད་སྤྱོད་ཀྱི་གནས་ཚུལ་སོགས་ཕྱོགས་ཆེན་པོ་བཞི་ཚུད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།