ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་རིན་པོ་ཆེ་གྲོང་ཚོའི“ཏང་དམངས་ཇ་ཁང”དུ་སྒྲོག་འགྲེལ་མཁན་གྱིས་བོད་རྒྱ་སྐད་གཉིས་ཀྱི་རྣམ་པ་སྤྱད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གསོན་ཉམས་ལྡན་པའི་ངང་སྒྲོག་འགྲེལ་བྱེད་བཞིན་ཡོད།
བསྟུད་མར་ཉིན་འགའི་རིང་། བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་བ་མ་ཟད། གཞི་རིམ་མང་ཚོགས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྒྲོག་འགྲེལ་རྩ་གནད་བོད་ཡིག་ཏུ་ཡིག་སྒྱུར་བྱས་རྗེས་བརྙན་རིས་ཐུང་ངུར་ཕབ་པ་དང་དེ་རྗེས་སྨྱན་བྱད་གསར་བའི་ལས་སྟེགས་སུ་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་རྟེན་གཞི་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ས་གནས་ཁག་གིས་དྲི་བ་འདྲི་བ་དང་། ཞིབ་འཇུག་བགྲོ་གླེང་། གཏམ་རྒྱུད་ཚོགས་འདུ། རིག་རྩལ་བྱ་འགུལ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་མང་ཚོགས་ཟབ་ཞུགས་བྱེད་འདོད་པའི་རྣམ་པས་ཁ་ཐུག་གདོང་འཕྲད་སྒོས་སྒྲོག་འགྲེལ་བྱས་པ་རེད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་གཞིས་ཀ་རྩེ་གྲོང་ཁྱེར་ཁྲལ་དོན་ཅུའུ་རུ“ཀྲུང་གོའི་རྣམ་པའི་དེང་རབས་ཅན། ཇོ་མོ་གླང་མའི་ན་གཞོན་ཁྲལ་དོན་མི་སྣས་བཤད་རྒྱུར”ཞེས་པ་བརྗོད་གཞི་ཡིན་པའི་ཁྲལ་དོན་ན་གཞོན་པའི་ཚོགས་འདུ་ཆུ་ཚོད4རིང་སྤེལ་བ་རེད། ན་གཞོན་ཁྲལ་དོན་ལས་དོན་མི་སྣ10ལྷག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི“ཀྲུང་གོའི་རྣམ་པའི་དེང་རབས་ཅན”ཞེས་པའི་བརྗོད་གཞིར་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར། མཐའ་མཚམས་བརྟན་སྲུང་། ཁྲལ་དོན་དར་རྒྱས་སོགས་གཙོ་གནད་ཚིག་གཞིར་བཟུང་ནས་བགྲོ་གླེང་བྱས་པ་དང་། ཁྲལ་བསྡུ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མ་འོངས་བའི་རེ་འདོན་གླེང་བ་རེད།
“ང་ཚོས་བརྗེ་རེས་དང་ལོངས་སྤྱོད་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྔར་བས་ཕྱོགས་ཡོངས་དང་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས”ཞེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་རིན་སྤུངས་རྫོང་ཁྲལ་དོན་ཅུའུ་ཡི་ན་གཞོན་ལས་བྱེད་པ་ཞའོ་སི་དབྱི་ཡིས་བཤད།
བོད་རང་སྐྱོང་ལྗོངས་ཀྱིས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ཚན་ཆུང8དུ་དབྱེ་ནས་གྲོང་ཁྱེར་དང་ས་ཁུལ་སོ་སོ་དང་། མཐོ་སློབ། ལྗོངས་ཐད་གཏོགས་ལས་ཁུངས་བཅས་སུ་སྐྱོད་ནས་གཅིག་སྡུད་སྒྲོག་འགྲེལ་བྱས། མིག་སྔའི་བར། ལྗོངས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་དུ་སྒྲོག་འགྲེལ་ཚོགས་པ82དང་། ལྗོངས་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་རུ་སྒྲོག་འགྲེལ་མཁན་ཁྲི1.1ལྷག་ཡོད་ཅིང་། བསྡོམས་པས་སྒྲོག་འགྲེལ་ལས་དོན་ཐེངས་ཁྲི7.3སྤེལ་བ་དང་ཕན་ཐོགས་པའི་མང་ཚོགས་མི་ཐེངས་ཁྲི420ལྷག་སླེབས་ཡོད། །