གྲོང་ཚོར་ལས་གཏོད་བྱས། འཚོ་བ་སྐྱིད་སྣང་དོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོར་ཡུན་ནན་ནས་ཡིན་པའི་པའེ་ལུང་ཀང་གིས་ཟོག་འདྲེན་རླངས་འཁོར་ནས་ནས་འབེབས་བཞིན་ཡོད་པ་དང་། སྟོད་ཐུང་གིས་གདོང་གི་རྔུལ་ཆུ་འཕྱིས་སྐབས་བཟའ་ཟླ་ཉི་མ་ཆོས་འཛོམས་མཐོང་ནས་དགའ་བའི་འཛུམ་མདངས་འཕྱུར།

“བོད་དུ་ལས་གཏོད་བྱེད་པར་སླེབས་ཡོང་བསམ་པའི་ཡུལ་ལའང་མེད” ལོ་གསུམ་གྱི་གོང་མག་པར་སླེབས་པའི་ཁོང་ལྷོ་ཁའི་སྒྱུག་མོའི་ཁྱིམ་དུ་ཐེངས་དང་པོ་སླེབས་སྐབས་དེ་གར་སྡོད་པའི་སེམས་ཐག་བཅད། དེ་བས་བསམ་ཡུལ་ལས་འདས་པ་ཞིག་ལ་བཟའ་མི་གཉིས་ཀྱིས་བཙུགས་པའི་རྩམ་པ་ལས་སྣོན་བཟོ་གྲྭར་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།

ལོ་ཁ་ཤས་གོང་ཁོ་ཚོས་མཚོ་སྔོན་དུ་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད། ཁྱིམ་དུ་ལོག་ཐེངས་ཤིག་ལ། ཨ་མ་ཉིན་རེ་བཞིན་རྒས་འགྲོ་བ་མཐོང་སྐབས། ཉི་མ་ཆོས་འཛོམས་ཀྱིས“ཡང་མིན་ན། ངེད་གཉིས་ཕྱི་རོལ་དུ་གླ་པ་རྒྱུག་པར་མ་ཕྱིན་པར། ཕ་ཡུལ་དུ་ཆུ་འཐག་བཙུགས་ན་གང་འདྲ་འདུག་གམ”ཞེས་གཟབ་ནན་ཆེ་ལ་སེམས་ཆུང་ངང་པའེ་ལུང་ཀང་ལ་དྲིས།

པའེ་ལུང་ཀང་ལ་གདེང་ཚོད་མེད་པར་བརྟེན་མོས་མཐུན་བྱས་མེད།

སྐབས་དེ་དུས་ཁོ་གཉིས་གཉེན་སྟོན་གྲ་སྒྲིག་བྱེད་བཞིན་ཡོད་པས། ཉི་མ་ཆོས་འཛོམས་ཀྱིས“རྩམ་པའི་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད”ཅེས་ཨུ་ཚུཌ་མཐའ་སྐྱེལ་གྱིས་ཁ་ཏ་བསླབ་བྱ་ཡང་ཡང་བྱས་པས། པའེ་ལུང་ཀང་གིས་ཚོད་ལྟ་བྱ་རྒྱུའི་མོས་མཐུན་མ་བྱས་ཀ་མེད་བྱུང་།

གཉེན་སྟོན་ཚར་རྗེས། ཉི་མ་ཆོས་འཛོམས་ཀྱིས་དངུལ་ཁང་གཱ་ལ་སྒོར་ཁྲི་14ལས་མེད་པ་མཐོང་སྐབས། “ངས་ལྐོག་ཏུ་རྒྱན་ཆ་བཙོངས་པ་ཡིན། འོན་ཀྱང་ད་དུང་དངུལ་འདང་གི་མི་འདུག”ཅེས་ཁོ་མོས་བརྗོད། འོན་ཀྱང་ཁོ་མོས་སེམས་ཐག་བཅད་ནས་དངུལ་གཡར་ཞོར་དུ་ཆུ་འཐག་བཙུགས།

དེ་ལོའི་དབྱར་ཁ་ནི་ཧ་ཅང་རིང་བའི་སྣང་བ་བྱུང་། ཆར་རླུང་དྲག་པོའི་མཚན་མོ་ཞིག་ལ། བཟོ་ཁང་གི་གྱང་གློ་བུར་དུ་འགྱེལ་བས། ཉི་མ་ཆོས་འཛོམས་རང་དབང་མེད་པར་མིག་ཆུ་ཤོར་རུང་། བཟའ་ཟླ་དང་ཨ་མ་ཆར་དཀྱིལ་དུ་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་པ་མཐོང་སྐབས་ཁོང་གིས་མིག་གི་མཆི་མ་འཕྱིས་བཞིན་དུ་ཆར་དཀྱིལ་དུ་རོགས་པར་ཕྱིན།

ཅུང་མ་འགོར་བར། གཉེན་ཉེ་རྣམས་ཀྱིས་བསྡུས་པའི“མྱུར་སྐྱོབ་དངུལ”དག་ལག་ཏུ་འབྱོར་བ་དང་། ཤང་གིས་དངུལ་བུན་གཡར་རོགས་བྱས་པ། ཤང་གི་འགོ་ཁྲིད་ཀྱིས་ཀྱང་གཡས་གཞོགས་གཡོན་འདེགས་བྱས་ནས་གློག་དང་ཆུ་འཁྲིད་རོགས་སོགས་བྱས་པས་ཁོ་ཚོའི་ཆུ་འཐག་གཞི་ནས་སྒོ་འབྱེད་ཐུབ།

ཐོན་རྫས་ཡོད་ཀྱང་། ད་དུང་ཇི་ལྟར་ཚོང་དགོས་མིན་ཤེས་པར་བྱེད་དགོས། ཉི་མ་ཆོས་འཛོམས་ལྷོ་ཁ་དང་ལྷ་སའི་འབྲུ་སྣུམ་ཚོང་ཁང་ཁག་ཏུ་རེ་རེ་བཞིན་བརྟག་དཔྱད་བྱེད་པར་སྐྱོད་སྐབས་ཆུ་འཐག་ལ་བརྟེན་ནས་བཏགས་པའི་རྩམ་པ་ལ་མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད་པ་མ་ཟད། རིན་གོང་ཡང་མཐོ་པོ་ཡིན་པ་ཤེས།

ཁོང་གིས་བློ་ཁོག་ཆེན་པོས་གཞན་གྱི་རྩམ་པ་རྒྱ་མ་གང་ལ་སྒོར་བཞི་དང་རང་ཁྱིམ་གྱི་རྩམ་པ་རྒྱ་མ་གང་ལ་སྒོར་ལྔ་བྱས་ནས་འཚོང་བའི་སེམས་ཐག་བཅད། “བྲོ་བ་ཞིམ་པོ་ཡོད་ཚེ་འཚོང་མི་ཐུབ་པའི་སེམས་ཁྲལ་མི་འདུག ཟླ་བ་གཅིག་གི་རྗེས་སུ་ཉིན་ལྟར་རྩམ་པ་རྒྱ་མ་བཞི་བརྒྱ་ལྔ་བརྒྱ་བཏགས་ནས་ལྷོ་ཁ་དང་ལྷ་སར་བཙོངས་ཀྱང་ད་དུང་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག”ཅེས་ཁོང་གིས་བཤད།

ཕྱིར་ཚོང་མང་དུ་ཕྱིན་སྟབས་ནས་མཁོ་ཚད་ཀྱང་ཆེ་རུ་ཕྱིན་པ།

“ཆོས་འཛོམས། ངའི་ཁྱིམ་དུ་ནས་ཡོད་པས་ངའི་ཁྱིམ་གྱི་ནས་ཉོ་རོགས”ཞེས་གྲོང་མི་རྣམས་ཁོང་གི་ཁྱིམ་གྱི་སྒོ་རྩར་ཕྱིན་ནས་འབྲུ་རིགས་འཚོང་གི་ཡོད།

“འགྲིག་གི་རེད། རྒྱ་མ་རེར་ཁྲོམ་རའི་རིན་གོང་ལྟར་སྒོར་1.4བྱས་ནས་ཉོ་ཆོག”ཅེས་ཁོང་གིས་ཁས་ལམ་སེང་བླངས་པ་དང་། གྲོང་ཚོའི་དུད་ཚང་60ལྷག་ཙམ་གྱི་གྲོང་མི་ཚོས་ཁོང་གི་མཛོད་ཁང་དུ་ནས་དབོར་བ་རེད།

“ཚོང་ཡག་ཏུ་ཕྱིན་འདུག་པས། ང་ཚོས་ཀྱང་ཡུལ་མི་ཚོར་བསམ་བློ་མང་ཙམ་གཏོང་གི་ཡིན”ཉི་མ་ཆོས་འཛོམས་དང་བཟའ་ཟླས་ཚོད་རྩིས་ཤིག་བརྒྱབ་སྟེ་འབྲུ་གོང་རྒྱ་མ་རེར་སྒོར་2བར་རིམ་བཞིན་སྤར་བས“ཆ་སྙོམས་བྱས་ན་དུད་ཚང་རེར་ཡོང་འབབ་སྒོར་ཉིས་སྟོང་གསུམ་སྟོང་ཙམ་བྱུང་ཡོད”

“ང་ཚོས་ད་དུང་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྣམ་བུ་འཐག་ཏུ་བཅུག་ནས་ཁོ་ཚོར་སླར་ཡང་ཡོང་འབབ་སྣ་གཅིག་མང་དུ་གཏོང་ཐབས་བྱས་པ་ཡིན། ཁྱེད་རང་གཟིགས་དང་། ཆུ་འཐག་ལས་མི་11དང་སྣམ་བུ་འཐག་སར་མི་58ཡོད། འདི་ལོ་ང་ཚོས་སྤྲད་པའི་ངལ་ནུས་གླ་ཆ་སྒོར་ཁྲི་17ཟིན་གྱི་འདུག”ཅེས་པའེ་ལུང་ཀང་གིས་བཤད།

སྐད་ཆ་ཤོད་པའི་སྐབས་སུ་ཡུལ་མི་ཞིག་ཁོང་གི་འགྲམ་དུ་ཡོང་ནས“ལའོ་པའེ། ཁྱེད་རང་བྲེལ་བ་མེད་དུས་ངའི་ཁྱིམ་དུ་ཆང་འཐུང་ནས་ཁ་བརྡ་གློད་པར་ཤོག་དང་། ང་ཚོང་ཞིག་རྒྱག་རྩིས་ཡོད་པས། ཁྱེད་ཀྱིས་ང་ལ་ཐབས་ཤིག་འདོན་རོགས་གནང”ཞེས་བཤད།

ལྟོས་དང་། ཐབས་ཤེས་ཡོད་པ་དང་དཀའ་སྡུག་མྱོང་ཕོད་པས། པའེ་ལུང་ནི་འཚོ་བར་འགྱུར་ལྡོག་གཏོང་འདོད་ཆེ་བའི་ཡུལ་མི་ཚོའི་མིག་ནང་གི“འཇོན་ཐང་ཅན”ཞིག་ཏུ་གྱུར་ཡོད། “ཕྱི་ནས་སླེབས་བའི་མག་པ”དེ་སྔ་ས་ནས་བོད་རིགས་ཀྱི་གྲོང་ཚོ་ཆུང་ཆུང་དང་མཉམ་འདྲེས་ཐུབ་ནས“ས་གནས་དེ་གའི་ཕོ་གཞོན”ཞིག་ལ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།