ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བ་ལ་རེ་བས་ཁེངས། ཕྱུག་འགྱུར་གྱི་སེམས་ཤུགས་ཆེ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུང་ཟས་བཟས་རྗེས་སྣང་རྫོང་དུང་དཀར་གྲོང་རྡལ་དུད་གྲོང་ཚོའི་ལས་གཏོད་སློབ་ཆེན་སློབ་མ་བློ་བཟང་བཀྲ་ཤིས་དང་ཁོང་གི་ཕས་ཡངས་ཤིང་དཀར་ཆ་དོད་པའི་ཁང་པའི་ནང་གི་འདྲ་པར་རྙིང་པར་ལྟ་བཞིན་ཡོད་ཅིང་། ཅུང་ཟད་རྙིང་པ་ཆགས་པའི་འདྲ་པར་དེ་དག་ལས་བློ་བཟང་བཀྲ་ཤིས་ཀྱི་བློ་ངོར་ལོ་བཅུ་གྲངས་གོང་གི་གནས་ཚུལ་ཝ་ལེར་འཆར། “སྐབས་དེ་དུས་གྲོང་ཚོ་ནས་རྫོང་གྲོང་བར་ཐག་རིང་པོ་ཡོད་པས། ལོ་ལྟར་ལོ་གསར་གྱི་མཁོ་ཆས་ཉོ་སྐབས་རླངས་འཁོར་དང་གྲུར་སྡོད་དགོས་པ་མ་ཟད། ད་དུང་རྟ་བཞོན་ནས་གང་འཚམ་ཞིག་འགྲོ་དགོས་ཀྱི་ཡོད་སྟབས་གྲོང་ཚོ་ནས་སྣང་རྫོང་བར་ཉིན་གཅིག་འགོར་གྱི་ཡོད”ཅེས་བློ་བཟང་བཀྲ་ཤིས་ཀྱིས་དྲན་གསོ་བྱེད་བཞིན་བཤད།

སྣང་རྫོང་དུང་དཀར་གྲོང་རྡལ་དུད་གྲོང་ཚོ་ནི་སྣང་རྫོང་གི་ཁག་དང་པོའི་གྲོང་ཚོ་ཧྲིལ་པོ་གནས་སྤོའི་གྲོང་ཚོའི་གྲས་ཤིག་རེད། གནས་མ་སྤོས་གོང་དུད་གྲོང་ཚོ་རྙིང་པའི་དུད་ཚང་12ཀྱི་མང་ཚོགས་ཐག་རིང་ལུང་ཁུག་གི་དཀར་གོང་ལུང་ཤུར་དུ་སྡོད་ཀྱི་ཡོད་མོད། འོན་ཀྱང་དེ་གར་འཐུང་ཆུ་དཀོན་པ་དང་། སློབ་གྲྭར་འགྲོ་དཀའ་བ། ནད་བསྟེན་དཀའ་བ། འགྲོ་སྐྱོད་དཀའ་བ། གློག་ཤར་གཏོང་ཐུབ་མེད་པས་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། “གནས་གསར་པར་སྤོ་སའི་ཁང་པ་ཡག་པོ་བརྒྱབ་ཡོད་ལ་ས་ཞིང་བཟང་ཞིང་རང་འབབ་ཆུ་ཀ་ལའང་ཁྲིད་ཡོད། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་དུད་གྲོང་ཚོའི་ཡུལ་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད”ཅེས་བློ་བཟང་བཀྲ་ཤིས་ཀྱིས་བཤད།

ཕ་ཡུལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོར་དམིགས་ནས་བློ་བཟང་བཀྲ་ཤིས་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས། རང་སྦྱོང་ལག་རྩལ་ལ་བརྟེན་ཏེ་བརྡ་ཁྱབ་ཁང་ཞིག་གཉེར་བ་རེད། ཁོང་གིས་གསར་འགོད་པར། 2021ལོར་བརྡ་ཁྱབ་ཁང་ལ་་ཡོང་འབབ་སྒོར་ཁྲི་30ཙམ་བྱུང་ཞེས་བཤད་བྱུང་།

བློ་བཟང་བཀྲ་ཤིས་ཀྱི་ཁྱིམ་ཙམ་མ་ཟད་དུད་གྲོང་ཚོ་ཡོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དུད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་རྡོ་རྗེས་གསར་འགོད་པར“མིག་སྔར་གྲོང་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་དང་། སྨན་རྩྭ་འདེབས་འཛུགས། དབྱར་རྩྭ་དགུན་འབུ་སྔོག་འཐུ། ངལ་ནུས་ཕྱིར་གཏོང་བཅས་ཡིན། ལོ་བཅུའི་རིང་། གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ནས་ད་ཆའི་སྒོར་ཁྲི་གཉིས་ལྷག་ཙམ་བར་མང་དུ་ཕྱིན་ཡོད། འགྱུར་ལྡོག་དེ་དག་ཚང་མ་མིག་མཐོང་ལག་ཟིན་རེད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། དཀྲོགས་གྲོང་ཚོས་ཁང་པའི་རྒྱབ་མདུན་གྱི་ས་སྟོང་དང་རི་རྒོད་ས་རྒོད་དག་སྤྱད་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་བས་སྒོ་ར་ཆུང་ཆུང་དེ་ཡུལ་མིའི་ཡོང་འབབ་འཕར་བའི“ནོར་གཞོང”ལྟ་བུར་གྱུར་པ་དང་ཆབས་ཅིག ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ཡུལ་ཡང་སྒོ་རའི་ནང་སྤོས་ཡོད་པ་རེད། མིག་སྔར་གྲོང་ཚོ་ཡོངས་ཀྱིས་རིམ་རྩིས་བྱས་ན་སྟར་ཁ་མུའུ་500ལྷག་ཙམ་དང་། ཀུ་ཤུ་མུའུ་150 བོད་ཁམ་མུའུ་50བཅས་བཏབ་པར་2021ལོར་ཐོན་འབབ་རྒྱ་མ་ཁྲི་6.58ཟིན་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.5བྱུང་ཡོད་པ་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་ནང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་དགོས་ཞེས་བསྟན་ཡོད། དེ་དག་ལས་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་སྒྲུབ་ལས་བྱེད་པ་ཚོར་ངར་ཤུགས་ཆེན་པོ་སྐྱེས་ཡོད།

འགོ་འཛུགས་ས་གསར་པའི་ཐོག་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུ་ནི་མང་ཚོགས་ཚོའི་རེ་སྒུག་རེད་ལ། ཞིང་ནང་དང་མུ་ཁར་ལས་ལ་བྲེལ་བའི་མཛེས་ལྗོངས་ཤིག་ཀྱང་རེད། ཉིན་འདི་དག་ནང་དུང་དཀར་གྲོང་རྡལ་དགོན་གྲོང་ཚོའི་ཡུལ་མི་སྐལ་བཟང་མཚོ་མོས་བར་སྐྱིད་ཐང་དྲོད་ཁང་ཆེ་མོའི་ལག་རྩལ་པ་དང་མཉམ་དུ་ལྗང་གསོའི་ལག་རྩལ་སྦྱོང་བཞིན་ཡོད། ཁོང་གིས་གསར་འགོད་པར“འདི་གར་ལས་ཀ་བྱས་ན་ཧ་ཅང་ཡག་པོ་འདུག ཟས་སྡོད་འགན་ལེན་བྱས་ཁར་ཟླ་གཅིག་ལ་གླ་ཆ་སྒོར་བཞི་སྟོང་ལྔ་བརྒྱ་སྤྲོད་པ་མ་ཟད། ད་དུང་སུར་པན་དང་། ཁམ་བུ། རྒུན་འབྲུམ་སོགས་སྔོ་ཚལ་དང་ཤིང་འབྲས་འདེབས་སྟངས་ཀྱང་ཤེས་ཀྱི་འདུག”ཅེས་བཤད།

སྣང་རྫོང་དུང་དཀར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་པོའོ་ཡིས“ལོ་བཅུའི་རིང་། དུང་དཀར་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཟམ་མི་ཆད་པར་མང་དུ་ཕྱིན་པ། ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་3883ནས་ད་ཆའི་སྒོར་23175བར་འཕར་ནས་496%འཕར་བ་མ་ཟད། ཐོན་ལས་རྣམ་གྲངས་ཀྱང་མེད་པ་ནས་ཡོད་པར་འགྱུར་ཏེ་ད་ཆ་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་35ཡི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད། གོམ་སྟབས་རྗེས་མར། དུང་དཀར་གྲོང་རྡལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་ལས་དོན་ཁག་ལ་གཅིག་འདོམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་ནས་བསམ་བློར་སྔར་བས་བཅིངས་འགྲོལ་དང་བསམ་བློའི་གོ་རྟོགས་སྔར་བས་མཐོ་རུ་བཏང་སྟེ། དུང་དཀར་གྲོང་རྡལ་གྱི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་ཐབས་ཧུར་ཐག་བྱེད་ཀྱི་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།