ས་མཐོར་བརྩེ་སེམས་བཅངས། མི་གསར་གསོ་སྐྱོང་བྱས།

—— སློབ་གསོའི་བོད་སྐྱོར་ལས་དོན་སྐོར་གྱི་མྱུར་བྲིས།

འདི་ལོའི་མཐོ་རྒྱུགས་ནང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་སླར་ཡང་སློབ་གྲྭའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་62.43%ཟིན་པ་དང་གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་26.47%ཟིན་ནས་2019ལོ་ལས་15.91%དང་14.51%སོ་སོར་འཕར་ཡོད་པ་རེད།

སྦྱངས་འབྲས་ཡག་པོ་ཐོབ་དོན་ནི་སློབ་གསོའི་བོད་སྐྱོར་ལས་དོན་པའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ལོ་གསུམ་གྱི་འགྱུར་ལྡོག་གི་དཔང་པོ་ཡིན་པའི་ལི་མིན་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། 2019ལོའི་ཟླ་7པར་སློབ་གསོའི་ཤེས་ལྡན་པའི“ཚོཌ་སྒྲིག་རྣམ་པའི”བོད་སྐྱོར་ཁོངས་མིའི་ངོས་ནས་ཁོང་ཨན་ཧུའེ་ཞིང་ཆེན་ཁྲའོ་ཧུའུ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཡོང་སྟེ། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྤྱིའི་འགན་ཁུར་ནས་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས།

ལས་ཀ་བྱ་ཡུལ་སློབ་གྲྭའི་སློབ་གསོ་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་ཧེ་བག་དངོས་སུ་མཐོང་རྗེས། ལི་མིན་དང་བོད་སྐྱོར་ཚོགས་པའི་ཁོངས་མིས་གྲོང་གསེབ་ཏུ་སློབ་ཁྲིད་དང་། དྲ་ཐོག་སློབ་ཁང་། མཐོ་རྒྱུགས་ཀྱི་སྣུམ་སྣོན་ས་ཚིགས། སློབ་མའི་སྦྱངས་འབྲས་ཀྱི་ཡིག་ཚགས་དང་གཱ་བཟོ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། སློབ་མ་ཚོར་དོགས་སེལ་འགྲེལ་བཤད་དང་མི་འདང་བ་གསབ་པ་དང་དུས་མཚུངས་མཉམ་སྡེབ་ཐོག་སློབ་ཁྲིད་གྲ་སྒྲིག་དང་ཞིབ་འཇུག་བྱེད་པ་དང་། ཡུལ་དེ་གའི་དགེ་སློབ་ཆ་སྒྲིག་བྱེད་པ། དགེ་རྒན་བགྲོ་གླེང་སོགས་ཀྱི་བྱེད་སྒོ་སྤེལ་ནས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དགེ་རྒན་གྱི་རང་རྟེན་སློབ་ཁྲིད་འཇོན་ཐང་ཆེ་རུ་བཏང་བ་རེད།

“སློབ་གྲྭའི་ལོ་གསུམ་རིང་གི་འཚར་ལོངས་དང་ཡར་རྒྱས་དེ་ངའི་གོང་གི་སློབ་སྤྱི་ཚོས་བཏིངས་པའི་རྨང་གཞི་དང་ཁ་འབྲལ་ཐབས་མེད” སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལམ་སྲོལ་ལས་ཕན་པ་ཐོབ་ནས་བོད་སྐྱོར་དགེ་རྒན་ཁག་དང་ཁག་གིས་རྒྱུན་མཐུད་དེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭར་རྨང་གཞིའི་སློབ་གསོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་རོགས་རམ་བྱས་ཡོད་ཅེས་ཁོང་གིས་བཤད།

2016ལོར་སྤེལ་འགོ་བཙུགས་པའི་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་སློབ་གསོའི་བོད་སྐྱོར་དེ་དེ་སྔའི་ཁ་ཐོར་དང་དུས་ཐུང་གི་རོགས་སྐྱོར་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཡོངས་རོགས་སྐྲུན་བྱེད་པར་གྱུར་པ་མཚོན་ཡོད། ཞིང་ཆེན་དང་གྲོང་ཁྱེར་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་གིས་ལོ་ལྟར་བོད་སྐྱོར་དགེ་རྒན་བརྒྱ་ལྷག་ཙམ་ལས་གྲུབ་པའི་ཚོགས་པ་མངགས་གཏོང་བྱས་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཆབས་ཅིག བོད་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ལོ་ལྟར་རྐང་འཛིན་དགེ་རྒན་དང་སློབ་གྲྭའི་དོ་དམ་པ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། སློབ་གསོ་པུའི་ཁོངས་གཏོགས་མཐོ་སློབ་ཏུ་གནས་སྦྱར་སྦྱོང་བརྡར་དང་གཅིག་སྡུད་གསོ་སྦྱོང་བྱེད་པར་འདེམས་གཏོང་བྱེད་ཀྱི་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། 2021ལོར་བོད་ཀྱི་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་མཐོ་རྒྱུགས་ཀྱི་སྤྱིའི་རྒྱུགས་འཕྲོད་ཚད་དང་། དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད། གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་བཅས་དང་། འབྲིང་རྒྱུགས་ཐད་ལྗོངས་ནང་ཁུལ་གྱི་གཙོ་གནད་མཐོ་འབྲིང་དང་སྤྱིར་བཏང་མཐོ་འབྲིང་གི་སློབ་རིམ་འཕར་ཚད་སོགས་བརྟན་པོའི་ངང་འཕར་ཡོད་པ་རེད།

ཡུལ་དེ་གའི་སློབ་མའི་རྩིས་རིག་དང་། དངོས་ཁམས། རྫས་འགྱུར་བཅས་སློབ་ཚན་གསུམ་གྱི་རྨང་གཞི་ཞན་པའི་གནས་ཚུལ་ལ་དམིགས་ཏེ་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་གཙོ་གནད་ཐོག་བོད་དུ་སློབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཕྱིའི་རྩིས་རིག་དང་། དངོས་ཁམས། རྫས་འགྱུར་བཅས་སློབ་ཚན་གསུམ་གྱི་དགེ་རྒན་འདེམས་གཏོང་གི་གཙོ་གནད་ལ་བརྩིས་ཏེ་ཡུལ་དེ་གའི་སློབ་མའི་སློབ་ཚན་ཁག་གཅིག་ལ་དགའ་པོ་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད།

དུས་རྒྱུན་སློབ་སྦྱོང་བྱེད་པ་དང་ཆབས་ཅིག ཡུལ་དེ་གའི་སློབ་མས་སློབ་གསེང་དུས་ཚོད་ནང་སློབ་གསེང་གི་ཤེས་བྱ་སྣ་ཚོཌ་སྦྱོང་ཐུབ་ཀྱི་ཡོད། ཐེན་ཅིན་གྱི་བོད་སྐྱོར་དགེ་རྒན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ལི་ཏུང་རུའེ་ཡིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭར་འཕྲུལ་མི་བཀོལ་སྤྱོད་ཀྱི་ཚན་རིག་གསར་གཏོད་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། “འཕྲུལ་མིའི་དམག་འཐབ་རུ་ཁག”བཙུགས་ནས་རྒྱལ་ཡོངས་རང་བཞིན་གྱི་འཕྲུལ་མིའི་འགྲན་བསྡུར་ནང་ཞུགས་པ་དང་། ཀྲེ་ཅང་གི་བོད་སྐྱོར་དགེ་རྒན་གྱིས་ལེགས་ཆ་འདོན་སྤེལ་བྱས་ནས་བོད་ལྗོངས་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོར་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་རུ་ཁག་དང་མཛེས་རྩལ་ཚོགས་པ་སོགས་བཙུགས་པ་མ་ཟད། ད་དུང་སློབ་གྲྭའི་སྤྱི་སྤྱོད་ཚོད་ལྟ་ཁང་དང་པོ་ཡང་བཙུགས་པ། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་ཨན་ཧུའེ་ཡི་བོད་སྐྱོར་དགེ་རྒན་ཅིན་ཧུའེ་ལིན་གྱིས་སློབ་མའི་སྣེ་ཁྲིད་དེ་བོད་རྒྱ་སྐད་གཉིས་ཀྱི་ཧོང་མེ་ཟློས་གར་ཚོགས་པ་བཙུགས་ནས་ཨན་ཧུའེ་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད།

འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་རོགས་སྐྱོར་བྱ་ཡུལ་སློབ་གྲྭར“བོད་ལྗོངས་སློབ་གསོའི་ཇོ་རིའི་ཆུ་འཛིན”ལས་སྟེགས་100%ཁྱབ་པ་དང་། ཐོན་ཁུངས་མཉམ་སྤྱོད་དང་རྒྱང་ཁྲིད་སློབ་གསོའི་ལས་སྟེཌ་19དང་རིག་ལྡན་སློབ་ཁང་473བསྐྲུན་པ། “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་དྲ་རྒྱའི་མཉམ་འགུལ་སློབ་ཁྲིད་བྱེད་སྒོ་སྣ་ཚོགས་ཐེངས་2500ལྷག་ཙམ་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།