ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལྗོངས་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲོས་བསྡུར་འཁྲུག་པོ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱེད་ཐབས་སྣ་ཚོགས་བརྒྱུད་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཤིང་། ཚང་མས་བསམ་ཚུལ་ཤོད་པ་དང་དོན་འཁྱོལ་གླེང་བར་བརྟེན་ནས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། དམིགས་ཚད་གསར་པ། བྱ་ཐབས་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཡིད་ཆེས་བརྟན་གཏོང་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་མཐར་ཕྱིན་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གླིང་ཕྲན་གཉིས་ཀྱི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མཁའ་མཚོ་ཡིས། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་ཡོད། ང་ཚོས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བསམ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དང་བཀོད་སྒྲིག་དོན་འཁྱོལ་ཐོག་གཅིག་སྒྲིལ་བྱེད་པ་དང་། གཞི་རིམ་མངགས་གཏོང་ཁང་གི་ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་ཡག་པོ་སྒྲུབ་པ། འགན་འཁྲིའི་བསམ་པ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། རིག་པ་དྭངས་གསལ་ཡོང་བ་བྱེད་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།

“ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཙོ་གནད་ལས་དོན་ཁག་ལ་བཀོད་སྒྲིག་བྱས་པ་དེས་སླད་ཕྱིན་གྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སོག་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་ཚེ་རིང་བདེ་སྐྱིད་ཀྱིས“གོམ་སྟབས་རྗེས་མར། ངས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ་བླངས་ནས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ལས་འགན་དང་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་ཀྱི་ཡིན། ངས་སྨྱུ་གུ་དང་པར་ཆས་ལ་བརྟེན་ནས་ཉེ་འགྲམ་གྱི་གཏམ་རྒྱུད་བཤད་དེ་བོད་ཀྱི་འཕེལ་རྒྱས་ཆེད་གསར་འགྱུར་ལས་དོན་པའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད་པ་རེད།

ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཅང་ཅན་ཕིང་གིས། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་བསྡུར་བ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཡང་ཡང་བསྡུར་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་འགན་ལེན་བྱེད་པའི་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ། རང་འགུལ་ངང་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ཐུབ་དང་མི་སེམས་གོང་བུར་འགྲིལ་གང་ཐུབ་བྱས་ཏེ་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་རྒྱ་སྐྱེད་དང་སྲ་བརྟན་དུ་གཏོང་དགོས་ལུགས་བསྟན་ཡོད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཤ་གསོས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་པོ་ཏུའུ་ཧའེ་ཡན་གྱིས“ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ལྗོངས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཐད་སྤྱིའི་བཀོད་སྒྲིག་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་བླང་བྱ་གསར་པ་བཏོན་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་ལ་སྔར་བས་གཞི་བཙུགས་ཏེ་སེམས་ནུས་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སླད་ཕྱིན། ངས་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང་དེ་བས་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་ཏང་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་ཀའི་གཙོ་གནད་ལ་དམིགས་ཏེ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གྱིས་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་མཐའ་འཁྱོངས་ཀྱིས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པའི་འགན་ལེན་བྱེད་དགོས་པ་བསྟན་ཡོད།

“ཉེ་བའི་ལོ་ཤས་རིང་། འབྲོང་པ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རུལ་སུངས་དང་ནག་གཤེད་ལ་ཆད་པ་གཅོད་ཤུགས་ཆུང་དུ་མི་གཏོང་བ་དང་གོམ་སྟབས་ལ་འགྱུར་ལྡོག་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས‘སྤྱོད་ཚུལ་བཞི’ཡོ་བསྲང་ཟམ་མི་ཆད་པར་བྱས་པས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་གྱི་ཕན་འབྲས་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་པ་དང་། བྱ་ངན་སྤྱོད་ངན་བཀག་འགོག་ཐུབ་ནས་གཅོང་ནད་བཅོས་ཐུབ་སྟེ་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད” “ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་མུ་མཐུད་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་བཀོད་སྒྲིག་ལ་དམིཌ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུཌ་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་དང་། སྒྲིག་ཁྲིམས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད། ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ་དང་དར་ཆ་གསལ་སྟོན་གྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་གི་སྟོན་ཕྱོགས་བཙུགས་ནས‘དོན་ཆེན་བཞི’དང‘འགན་ལེན་བཞིར’ཞབས་ཞུ་དང་འགན་ལེན་བྱེད་ཀྱི་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བསོད་ནམས་རྡོ་རྗེས་བཤད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་ལུགས་བཏོན་ཡོད། གནད་དོན་དེར་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལེའོ་ཡུན་ལུའུ་ཡིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ང་ཚོར་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ‘སྔོན་ལ་གཏོར་བཤིག་གཏོང་བ་དང་རྗེས་སུ་བཅོས་སྐྱོང་བྱེད་པའམ’ཡང་ན‘གཏོར་བཤིག་གཏོང་ཞོར་དུ་བཅོས་སྐྱོང་བྱེད་རིགས’གཏན་འགོག་བྱེད་དགོས། རང་ལྗོངས་ཀྱིས་དང་ཐོག་མ་ཉིད་ནས་སྐྱེ་ཁམས་ཤེས་དཔལ་གནས་བབ་ཨང་དང་པོར་འཇོག་པ་དང་འབྲེལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བྱེད་དགོས་པའི་དམིགས་ཚད་བཏོན་ཡོད། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བསམ་བློའི་མཛོད་གལ་ཆེན་དང་ཇུས་འདོན་ཚོགས་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་བར་ཞིབ་འཇུག་བྱེད་པར་རང་རྟོགས་ངང་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་བརྟག་ཞིབ་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། སྲིད་ཇུས་བློ་འདྲི་སོགས་ལ་བརྟེན་ནས‘ཆུ་ཚད་མཐོ་བའི་སྲུང་སྐྱོང་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཆུ་ཚད་མཐོ་བའི་སྲུང་སྐྱོང་བྱེད་རྒྱུར’རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཀྱི་ཡིན”ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།