ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན་གྱི་ཕྱི་དྲོར། “བོད་ལྗོངས་ཀྱི་ལོ་བཅུའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གསུམ་པ་བསྡུས་ཤིང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པའམ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཡིས་བརྙན་ལམ་བརྒྱུད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས།

W020221009532036140619.png

པར་འདི་ནི་དུས་གཏན་གནམ་གྲུ་ཞིག་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འབྱོར་བའི་རྣམ་པ་རེད།

ཀྲང་ཝེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་དམངས་སྤྱོད་མཁའ་འགྲུལ་གྱིས་རྒྱལ་ཁབ་ལ་ཞབས་འདེགས་སྒྲུབ་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་བོད་ལྗོངས་དར་སྤེལ་འཕེལ་རྒྱས་ཀྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། གོ་སྐབས་དམ་འཛིན་བྱས་ནས་འགག་སྒྲོལ་དཀའ་གནད་སེལ་བས། བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ལ། “མཁའ་དབྱིངས་ཀྱི་ཚེ་སྲོག་ལམ་ཐིག”དང་“སྐྱེལ་འདྲེན་འགན་སྲུང་ལམ་ཐིག”“མི་རིགས་མཐུན་སྒྲིལ་ལམ་ཐིག”“སྤྱི་ཚོགས་ཡར་ཐོན་ལམ་ཐིག”གི་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡིན་པས། མཐུན་སྒྲིལ་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་ཆེད་བྱས་རྗེས་བཞག་ཡོད་ཅེས་བཤད། 

ལོ་ངོ་བཅུའི་རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་གཞི་ཁྱོན་ལྡབ་བཞིན་འཕར་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་གནམ་གྲུ་ཐང་གིས་དུས་གཏན་གནམ་གྲུ་འབབ་འཕུར་ཐེངས་ཁྲི43.8འགན་ལེན་བྱས་པ་དང་། འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི4560དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི36.8ཟིན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྔོན་ལས་བརྒལ་ཡོད་པ་དང་། བོད་ལྗོངས་སུ་མཁའ་ལམ་ཤར་གཏོང་བྱས་པའི་ལོ47ཀྱི་སྤྱི་བསྡོམས་ཡིན་ལ་སོ་སོར་ལྡབ3.4དང2.8། 1.4ལ་སླེབས་ཡོད།

W020221009532036145967.png

པར་འདི་ནི་གནམ་གྲུ་ཞིག་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འབྱོར་རྗེས་འགྲུལ་བ་གནམ་གྲུ་ལས་འབབ་པའི་རྣམ་པ་རེད། 

ལོ་ངོ་བཅུའི་རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱས་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བསྡོམས་པས་གཙོ་གནད་རྣམ་གྲངས10ལག་བསྟར་བྱས་པ་དང་། རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར200བཏང་ཞིང་། མ་འཇོག་གཞི་ཁྱོན་དང་རྣམ་གྲངས་ཀྱི་གྲངས་འབོར་ཚང་མ་སྔོན་བྱུང་མྱོང་མེད་པ་ཞིག་རེད། 

W020221009532036303914.png

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་གིT3མཁའ་འགྲུལ་ཐོག་ཁང་གི་རྣམ་པ་རེད།

ལོ་ངོ་བཅུའི་རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཐབ་ཇུས་ཐོན་ལས་ཡིན་པའི་གོ་གནས་དང་བྱེད་ནུས་སྔར་བས་འབུར་ཐོན་ཡིན་པའི་མཆོང་སྐྱོད་གསར་བ་མངོན་འགྱུར་བྱུང་ཡོད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཀྱིས་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་དང་འཕེལ་རྒྱས་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་བ་དང་། བོད་ལྗོངས་འདི་ཉིད་རྒྱལ་ནང་དཔལ་འབྱོར་འཁོར་རྒྱུག་ཆེན་པོ་དང་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་ཟུང་ནང་མཉམ་འདྲེས་བྱུང་བར་སྐུལ་འདེད་བཏང་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། འཕྲལ་བསྟུན་སྐྱེལ་འདྲེན་སོགས་ལ་ཞབས་ཞུ་ནུས་ལྡན་བཅས་བྱས་ཏེ། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁབ་ལེན་པར་མངོན་གསལ་དོད་པའི་བྱས་རྗེས་བཞག་ཡོད།

ལོ་ངོ་བཅུའི་རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ཕྲེང་འབྲེལ་སྔར་བས་བརྟན་པོ་ཡིན་པའི་ལོ་རྒྱུས་རང་བཞིན་གྱི་མཐོར་འདེགས་མངོན་འགྱུར་བྱུང་ཡོད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཐད་འགན་འཁྲིའི་རྒྱུ་རྐྱེན་ཚབས་ཆེན་ཡིན་པའི་དོན་རྐྱེན་བྱུང་མེད་པས། བསྟུད་མར་ལོ57རིང་བདེ་འཇགས་འཕུར་སྐྱོད་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད་པ་དང་། འཛམ་གླིང་ཐོག་ཆ་སྙོམས་ས་བབ་མཐོ་ཤོས་དང་འགན་སྲུང་འཕུར་སྐྱོད་དཀའ་ཤོས་ས་ཁུལ་ཏུ་བདེ་འཇགས་འཕུར་སྐྱོད་རིང་ཤོས་ཀྱི་ཟིན་ཐོ་བསྐྲུན་ནས། འཛམ་གླིང་དམངས་སྤྱོད་མཁའ་འགྲུལ་མཐོ་སྒང་དུ་བདེ་འཇགས་འཁོར་སྐྱོད་ཀྱི་དཔེ་མཚོན་དུ་གྱུར་ཡོད། 

W020221009532036304459.png

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འགྲུལ་བ་ཞིག་གནམ་གྲུར་འདུག་རྩིས་བྱེད་པའི་རྣམ་པ་རེད། 

ཀྲང་ཝེས་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལོ་ངོ་བཅུའི་རིང་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དེ་ནི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱལ་ཁའི་ངང་ལག་ལེན་བྱས་པའི་བསྡུས་གཟུགས་ཡིན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ལས་རིགས་ཡོངས་ཀྱི་ཟོལ་མེད་རོགས་རམ། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་བྲལ་ཐབས་མེད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་དང་དམངས་སྤྱོད་མཁའ་འགྲུལ་ལས་དོན་ཐད་ཀྱི་མཛུབ་སྟོན་དགོངས་པ་གལ་ཆེན་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ནས། འབད་འབུངས་ཆེར་སྐྱེད་ཀྱིས་གངས་ལྗོངས་མཐོ་སྒང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུའི་དམངས་སྤྱོད་མཁའ་འགྲུལ་གྱི་ལེའུ་གསར་བ་བརྩམས་པ་དང་། དོན་དངོས་བྱ་སྤྱོད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བཤད།

གཞན་ཡང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ནི་སྔར་བཞིན་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཡིན་པས། ཆ་ཚང་དང་ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།