ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

76d7d8ab-352c-4daf-aaf3-ac97cd8ad215.jpg.1.jpg

འདི་ནི་ཝང་ཅུན་ཀྲེང་གིས་ར་མོ་ཆེ་གཙུག་ལག་ཁང་དཀྱིལ་ལམ་གྱི་ས་གནས་ས་ཐོག་ཏུ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འཐབ་ཕྱོགས་དང་པོའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་རིམས་འགོག་མི་སྣར་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་ལྟར། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དང་དེ་བཞིན་གྲོང་ཁྱེར་དང་ས་ཁུལ་ཁག་གི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྙན་སེང་གསན་རྗེས། དུས་འགོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། བར་སྐོར་མངགས་གཏོང་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དཀྱིལ་ལམ་དུ་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འཐབ་ས་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་རིམས་འགོག་མི་སྣར་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་བཀའ་འབྱོར་འཕྲལ་སྒྲུབ་དང་བཀའ་བཞིན་བྱ་སྤྱོད་སྤེལ་བ། རང་འགན་གཙང་སྒྲུབ་དང་གདོང་མཆོང་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་དང་། དཀའ་ཚེགས་ཆེ་ལ་ཞིབ་ཚགས་པ་དང་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ལག་ལེན་དངོས་ལས་རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་གཙོ་ཤུགས་དམག་ཅིག་དང་། སྐོང་ཐུབ་པ་དང་། སྐྱོད་ཐུབ་པ། རྒྱལ་ཐུབ་པ། ཏང་དང་མི་དམངས་ཀྱིས་རྦད་དེ་ཡིད་ཆེས་བྱེད་ཆོག་པ་བཅས་ཀྱི་དཔུང་ཁག་ཅིག་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད། ཚང་མས་བསྟུད་མར་འབད་འཐབ་བྱེད་པ་དང་དམག་འཐབ་དྲག་པོ་བྱེད་ཕོད་པའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། དེ་བས་དངོས་སྒྲུབ་ཀྱི་བྱེད་ཐབས་དང་དེ་བས་ནུས་ལྡན་གྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ། རིམས་ནད་བསྐྱར་དུ་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། “ཕྱོགས་བཞིའི་འགན་འཁྲི”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། པར་གཞི་དགུ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཚན་རིག་དང་མཐུན་པ་དང་། གནད་སྨིན། ནུས་ཆེ་བཅས་ཀྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ། སྔ་ཙམ་གཞི་ཚུགས་པ་དང་། སྔོན་འགོག་ལ་གཞི་ཚུགས་པ། སྔ་ས་ནས་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་བཅས་བྱས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། རང་ཉིད་གནས་སར་མི་བཞག་ནས་དཀའ་གནད་སེལ་རོགས་བྱེད་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐད་བརྩེ་སེམས་མང་ཙམ་འཆང་བ། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་རྒྱག་པའི་ཐད་སེམས་ནུས་མང་ཙམ་འདོན་པ། མང་ཚོགས་སྒྲིག་འཛུགས་དང་གོང་བུ་འགྲིལ་རྒྱུར་ཤུགས་མང་ཙམ་རྒྱག་པ་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་ནང་ཚོར་ཐུབ་པ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་འགན་འཁྲི་ནན་དུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཆགས་པར་བྱེད་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ། བསམ་བློའི་འདུ་ཤེས་དང་། ལས་ཀ་བྱེད་སྟངས། ལས་ཀའི་བྱེད་ཐབས་བཅས་འགྱུར་ལྡོག་བྱུང་བའི་གནས་ཚུལ་དང་དུས་བབ་དང་ཟམ་མི་ཆད་པར་བསྟུན་ཐབས་བྱེད་པ་དང་། དུས་བབ་གསར་པའི་འོག་གི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ལས་སྒྲུབ་ལམ་སྲོལ་འཚོལ་ཞིབ་ནུས་ལྡན་བྱས་ནས་སྲོལ་རྙིང་བརྟན་སྲུང་དང་། སྟབས་བདེ་ཅན་དུ་འགྱུར་བ། གཅིག་དཔེ་བརྒྱ་འགེབས་བཅས་བྱེད་རིགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་དགོས། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། གདམ་གསེས། བཀོལ་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པའི་སྲིད་ཁྲིམས་དཔུང་ཁག་ཅིག་གཏོད་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིང་གི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།