ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་གཞུང་ལམ་གཙོ་བོ་དང་ལྗོངས་ནང་ཁུལ་གྱི་ཟོག་འགྲེམས་རླངས་འཁོར་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས25ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱིས་པྲོག་གསར་གློ་ཚད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་བརྒྱད་པའི་ཐོག བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུའི་ཨུ་ཡོན་ནམ་ཐིང་ཀྲང་གཞོན་པ་ཀྲན་ཧྲུའེ་ཧྥེན་གྱིས་ངོ་སྤྲོད་ལྟར་ན། རིམས་ནད་བྱུང་ཚུན། བོད་རང་སྐྱོང་ལྗོངས་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཁོངས་མིའི་སྡེ་ཚན་སོ་སོས་སྟོབས་ཤུགས་མཉམ་འདོན་སྒོས་སྔ་རྗེས་སུ་ལས་དོན་ཚོགས་ཆུང14འཐབ་ས་དང་པོར་མངགས་ནས་གཞུང་དོན་སྒྲུབ་པ་དང་། ལྟ་སྐུལ་ཞིབ་བཤེར། འགག་རྩའི་ལྷུ་ཚིགས་དམ་འཛིན། མངོན་གསལ་གྱི་གནད་དོན་ཐག་གཅོད་བྱས་ནས་བོད་ལྗོངས་ཀྱི་གཞུང་ལམ་གཙོ་བོ་དང་ལྗོངས་ནང་ཁུལ་གྱི་ཟོག་འགྲེམས་རླངས་འཁོར་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པར་འགན་ལེན་དང་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བྱས།

ཞིང་ཆེན་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ལམ་གཙོ་བོའི་ཚོང་ཟོག་ཐོགས་མེད་དུ་གཏོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། ས་གནས་སོ་སོའི་རིམས་ནད་འགོག་སྡོམ་སྲིད་ཇུས་ཀྱི་ཤུགས་རྐྱེན་དང་ཉེ་དུས་གྲོང་ཁྱེར(ས་ཁུལ)སོ་སོ་རུ་གཅིག་རྗེས་གཉིས་མཐུད་ངང་ལས་མགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་དུས་མཚམས་སུ་ཐོན་པའི་སྐྱེལ་འདྲེན་དགོས་མཁོ་གཞིར་བཟུང་། རྒྱལ་ལམ109དང318། 317། 214བཅས་ལམ་ཐིག་གི་བོད་སྐྱོད་ལམ་དུམ་དུ་སྔ་རྗེས་སུ་ཚད་གཞི་མི་འདྲ་བའི་ཟོག་འདྲེན་རླངས་འཁོར་རིགས་འགྲོ་སྐྱོད་འགོར་བ་དང་། འཚང་ཁ་རྒྱག་པ། རང་སོར་ལུས་པ་བཅས་ཀྱི་གནས་ཚུལ་བྱུང་བ་ཤེས་རྗེས། བོད་ལྗོངས་ཟོག་འགྲེམས་ཤར་བགྲོད་འགན་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཁྱིམ་མཚེས་ཞིང་ཆེན་གྱི་ཟོག་འགྲེམས་ཤར་བགྲོད་འགན་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་འབྲེལ་གཏུག་བྱས་ནས་དུས་ཐོག་ཏུ་ཐག་གཅོད་ཇུས་གཞི་བཟོས་པ་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སི་ཁྲོན་དང་ཡུན་ནན། མཚོ་སྔོན་སོགས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱེད་པའི་སྙན་སེང་ཞུས། གཞན་ཡང་། ཟོག་འདྲེན་རླངས་འཁོར་གྱི་བཞུར་རྒྱུན་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་དང་། མི་དང་རླངས་འཁོར་ཐོན་མ་ཐག་བརྟག་བཤེར་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་ཁྱིམ་མཚེས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་འགུལ་མཉམ་ལས་ཧུར་ཐག་བྱས་ཏེ་གློག་རྡུལ་ལམ་ཡིག་སྤྲོད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་བརྒྱུད། བོད་ནས་ཁ་བྲལ་བའི་རླངས་འཁོར་ཐག་རིང་འདྲེན་གཏོང་དོ་དམ་ཚོད་འཛིན་བྱས་ཤིང་། ཉིང་སྐྱུར་བརྟག་དཔྱད་ལས་ཆོད་ཆེ་རུ་བཏང་བ། ལམ་ངོས་ཀྱི་འགྲིམ་འགྲུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། འབྲེལ་ཡོད་ཁ་ལོ་བར་དགོས་ངེས་ཀྱི་འཚོ་བའི་འགན་སྲུང་ཞབས་ཞུ་མཁོ་འདོན་སོགས་ཚུད་ཡོད་པས། གཞུང་ལམ་གཙོ་བོའི་ལམ་དུམ་གྱི་རླངས་འཁོར་རིགས་འགག་པ་དང་རང་སོར་ལུས་པའི་གནས་ཚུལ་ཐག་གཅོད་ནུས་ལྡན་ཐུབ་ཡོད།

མིག་སྔར། རྒྱལ་ལམ109ལམ་ཐིག་གི་བོད་ནས་ཁ་བྲལ་བའི་རླངས་འཁོར་འགག་པ་དང་རང་སོར་ལུས་པའི་གནས་ཚུལ་ཐག་གཅོད་ཐུབ་ཡོད་ལ། རྒྱལ་ལམ318དང317པ ། 214བཅས་ཀྱི་ལམ་ཐིག་བོད་ནས་ཁ་བྲལ་བའི་ཕྱོགས་ཀྱི་ལམ་དུམ་དུ་སི་ཁྲོན་ནས་ས་ཡོམ་བྱུང་རྗེས་དུས་མཚམས་རང་བཞིན་གྱི་རིམས་ནད་འགོག་སྡོམ་སྲིད་ཇུས་ཀྱི་ཤུགས་རྐྱེན་ཕོག་པ་མ་ཟད། ད་དུང་རླངས་འཁོར་ཁག་གཅིག་རང་སོར་ལུས་པའི་གནས་ཚུལ་ཡོད་པས། བོད་རང་སྐྱོང་ལྗོངས་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཁྱིམ་མཚེས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། བོད་ནས་ཁ་བྲལ་བའི་རླངས་འཁོར་མགྱོགས་མྱུར་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་གཞུང་ལམ་གཙོ་བོ་ཤར་བགྲོད་ཐུབ་པར་འགན་ལེན་བྱས།

ཟླ9བའི་ཚེས24ཉིན་བར་བོད་ལྗོངས་ཡོངས་ཀྱིས་བོད་ནས་འགྲོ་འོང་བྱེད་པའི་ཟོག་འདྲེན་རླངས་འཁོར8683(ཐེངས)ཤར་བགྲོད་བྱས་པ་དང་། ས་གནས་སོ་སོས་བོད་ལྗོངས་ཕྱི་རོལ་དུ་སྐྱོད་པའི་ཟོག་འདྲེན་ཁ་ལོ་བའི་སྐད་འཕྲིན་ཞབས་ཞུའི་ཚོགས་པ56བཙུགས་ཤིང་། བསྡོམས་པས་སྐད་འཕྲིན་ཞབས་ཞུའི་ཚོགས་པ་བརྒྱུད་ཟོག་འདྲེན་ཁ་ལོ་བ་དང་འགྲུལ་པ་ཚོས་སེམས་ཁུར་བྱེད་པའི་གནད་དོན133ལ་ལན་བཏབ་པ་དང་། “12328”འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་གྱི་ཐད་སྦྲེལ་ཁ་པར་གྱིས་ཟླ8པའི་ཚེས8ནས་ཟླ9བའི་ཚེས24ཉིན་བར་ས་གནས་སོ་སོའི་ཁ་ལོ་བས་བརྒྱབ་ཡོང་བའི་ཁ་པར1841དང་ལེན་བྱས་ནས་བོད་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ཟོག་འདྲེན་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ་དང་། རིམས་འགོག་དང་དམངས་འཚོ་ཕྱོགས་ཀྱི་དངོས་ཟོག་མཁོ་འདོན་གཞི་རྩའི་ཆ་ནས་རྒྱུན་གཏན་བྱ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

མངོན་གསལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཟོག་འགྲེམས་བརྒྱུད་སྐྱེལ་བྱེད་པའི“གདུབ་ཟུམ་དོ་དམ”ལ་ཤུགས་སྣོན་བྱས། བོད་ལྗོངས་ཕྱི་རོལ་གྱི་གཙོ་གནད་ཟོག་འདྲེན་རླངས་འཁོར་བོད་ལྗོངས་སུ་བདེ་བླག་ངང་དབོར་འདྲེན་བྱེད་ཐུབ་པ་དང་། དངོས་ཟོག་དུས་ཐོག་ཏུ་དབོར་འདྲེན་བྱ་ཐུབ་ཆེད། བོད་ལྗོངས་ཀྱི་ཟོག་འགྲེམས་ཤར་བགྲོད་འགན་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ས་གནས་སོ་སོའི་ཞིབ་བཤེར་ས་ཚིགས་ལ་མཛུབ་ཁྲིད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ནས་ཟོག་འགྲེམས་ཤར་བགྲོད་འགན་ལེན་གྱི་སྲིད་ཇུས་དང་གློག་རྡུལ་ལམ་ཡིག་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་རེད། ཟླ9བའི་ཚེས24ཉིན་བར་བོད་ལྗོངས་ཡོངས་ཀྱིས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ལ་གློག་རྡུལ་ལམ་ཡིག41384སྤྲད།

ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཟོག་འདྲེན་གླིང་ཁུལ་དང་རླངས་འཁོར་འཇོག་ས་སྒོ་ཕྱེ་ནས། རྒྱལ་ལམ109ལམ་ཐིག་ནས་བོད་དུ་ཡོང་བའི་ཟོག་འགྲེམས་རླངས་འཁོར་རིགས་ལ་གཅིག་སྡུད་ཐོག་གདུབ་ཟུམ་དོ་དམ་བྱས་པ་མ་ཟད། ཉིང་སྐྱུར་བརྟག་དཔྱད་དང་བཟའ་བཏུང་། ཆུ་མཁོ་འདོན། གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དངོས་ཟོག་འདོན་འཇུག་བྱེད་རོགས་བྱས་ལ། མཛོད་ཁང་དང་འགྲོ་གྲོན་སྔ་འདོན་སོགས་བྱས་ཏེ་ཕྱིར་ལོག་རླངས་འཁོར་རེར་ཁ་གསབ་སྒོར1000རེ་སྤྲད་པ་རེད། ཟླ9བའི་ཚེས24ཉིན་བར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་དངོས་ཟོག་འབེབས་མཁན་རླངས་འཁོར1796ཡོད།

ཆབ་མདོ་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་དང་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་དངོས་ཟོག་བརྒྱུད་སྐྱེལ་བྱ་ཡུལ་གཉིས་བསྐྲུན་པ་མ་ཟད། ཟླ9བའི་ཚེས5ཉིན་དངོས་སུ་སྤྱོད་མགོ་ཚུགས་པ་དང་། འབབ་ཚུགས་སུ་ཡོང་བའི་ཟོག་འདྲེན་རླངས་འཁོར་དང་ཁ་ལོ་བར་འདོན་འཇུག་དང་། དུག་སེལ། འཚོ་བའི་ཞབས་ཞུ་སོགས་གདུབ་ཟུམ་དོ་དམ་ལག་བསྟར་ནན་མོ་བྱས་ནས་བོད་ནས་འགྲོ་འོང་བྱེད་པའི་དངོས་ཟོག་དབོར་འདྲེན་གྱི“ཁ་ལོ་བར་འབྲེལ་གཏུག་མེད་པ་དང་། དངོས་ཟོག་སྦ་གསང་མི་བྱེད་པའི”འགན་ལེན་བྱས་པ་རེད། ཟླ9བའི་ཚེས24ཉིན་བར་བརྒྱུད་སྤྲོད་བྱས་པའི་དངོས་ཟོག་རྩིས་ལེན་ས་ཚིགས་གཉིས་ཀྱིས་དམངས་འཚོ་དང་སྨན་བཅོས། རིམས་འགོག བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ། བཟོ་སྐྲུན་རྒྱུ་ཆ་སོགས་དངོས་ཟོག་ཏུན་340དབོར་འདྲེན་བྱས་པ་རེད།

ཀྲན་ཧྲུའེ་ཧྥེན་གྱིས་ངོ་སྤྲོད་ལྟར་ན། རིམས་ནད་འགོག་སྡོམ་བྱེད་རིང་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཉིན་རེར་ཆ་སྙོམས་འཕྲལ་སྡོམ་ཟོག་འདྲེན་རླངས་འཁོར462དང་ཁ་ལོ་བ་འདང་ངེས་གྲབས་གསོག་བྱས་ནས། འཕྲལ་སྡོམ་བྱ་སྤྱོད་ཀྱི་བཀའ་དུས་ཐོག་ཏུ་དང་ལེན་ཞུས་ཏེ་དངོས་ཟོག་སྣ་ཚོགས་དུས་ཐོག་ཏུ་དབོར་འདྲེན་བྱེད་དུ་བཅུག་པ་རེད། ཟླ9བའི་ཚེས24ཉིན་བར་བོད་ལྗོངས་ཀྱིས་འཕྲལ་སྡོམ་ཟོག་འདྲེན་རླངས་འཁོར(ཐེངས5836དང་སྐྱེལ་འདྲེན་གྱི་འཕྲལ་སྡོམ་དངོས་ཟོག་ཏུན་ཁྲི3.6འཐེན་སྤྱོད་བྱས།

“རིམས་ནད་གནས་ཚུལ་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)སོ་སོས་སྔ་རྗེས་སུ་ལས་མགོ་བསྐྱར་ཚུགས་བྱས་ཡོད། ང་ཚོས་རིམ་པ་སོ་སོའི་ཟོག་འགྲེམས་འགན་ལེན་དང་ཤར་བགྲོད་འགན་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཁོངས་མིའི་སྡེ་ཚན་གྱི་དབར་སྔར་ལས་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ནུས་ཤུགས་ཡོད་རྒུས་ལས་མགོ་བསྐྱར་ཚུགས་དང་ཐོན་སྐྱེད་དུས་མཚམས་ཀྱི་ཟོག་འགྲེམས་ཤར་བགྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན”ཞེས་ཀྲན་ཧྲུའེ་ཧྥེན་གྱིས་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།