ཆབ་མདོ་གྲོང་ཁྱེར་དུ་བསྡོམས་པས་རྣམ་གྲངས400ལས་མགོ་བསྐྱར་ཚུགས་བྱུང་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས21ཉིན། བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་བཞི་པའི་ཐོག་ཆབ་མདོ་གྲོང་ཁྱེར་གྱིས་ལས་མགོ་བསྐྱར་ཚུགས་དང་ཚོང་ལས་དང་ཁྲོམ་ར་སླར་གསོ་བྱུང་བར་གོ་རིམ་ལྡ་པའི་ངང་སྐུལ་འདེད་བཏང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་དུ་བསྡོམས་པས་རྣམ་གྲངས400ལས་མགོ་བསྐྱར་ཚུགས་བྱུང་ཡོད་ལ། ལས་མགོ་བསྐྱར་ཚུགས་བྱུང་ཚད83.16 %ཟིན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས11ཏུ་ཐོན་སྐྱེད་ལས་གཉེར་སླར་གསོ་བྱུང་ནས་ཐོན་སྐྱེད་སླར་གསོ་བྱུང་ཚད91.67%སླེབས་ཡོད། 

ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཅ་ཞིན་ཡུས་ཀྱིས་བརྙན་ལམ་བརྒྱུད་ནས་ཚོང་ལས་དང་ཁྲོམ་ར་སླར་གསོ་བྱུང་བའི་ཐད། མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་དུ་འཛུགས་སྐྲུན་རྒྱུ་ཆའི་ཚོང་ཁང921གི་ལས་གཉེར་སླར་གསོ་བྱུང་ནས་སླར་གསོ་བྱུང་ཚད77.53%ཟིན་ཡོད། ཞིང་ཞོར་ཁྲོམ་ར་དང་སྒོ་རྩིས་ཁང7291ལས་གཉེར་སླར་གསོ་བྱུང་བ་དང་སླར་གསོ་བྱུང་ཚད94.46%ཟིན་ཡོད།བཟའ་བཏུང་ཞབས་ཞུའི་རིགས་ཀྱི་ཚོང་དུད6677ལས་གཉེར་སླར་གསོ་བྱུང་བ་དང་སླར་གསོ་བྱུང་ཚད96.8%ཟིན་པ། གསོལ་མགྲོན་ཁང་དང་མགྲོན་ཁང294ལས་གཉེར་སླར་གསོ་བྱུང་བ་དང་སླར་གསོ་བྱུང་ཚད58%ཟིན་ཡོད།

ཤེས་གསལ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱི་ལས་མགོ་བསྐྱར་ཚུགས་ཀྱིས་གཙོ་གནད་ལས་དོན་དང་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ཁེ་ལས་དང་ཨར་སྐྲུན་སྡེ་ཚན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་དཀའ་ངལ་དང་གནད་དོན་བྱུང་བར་མཐུན་སྦྱོར་བྱས་པ་དང་། ཁེ་ལས་དང་ཨར་སྐྲུན་སྡེ་ཚན་གྱིས་རིམས་ནད་འགོག་སྡོམ་དང་ཐོན་སྐྱེད་གཉེར་སྐྱོང་གི་གཙོ་གཞིིའི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྐུལ་ལྕག་བྱས་པ། རིམས་ནད་འགོག་སྡོམ་གྱི་གཏན་འབེབས་དང་རིམས་ནད་འགོག་སྡོམ་གྱི“བྱེད་མི་ཆོག་པ་དགུ”ཡི་བླང་བྱ་དོན་འཁྱོལ་བྱས་ནས་སྒོ་རྒྱག་དོ་དམ་ནན་མོ་བྱས་པ། ཁེ་ལས་དང་ཨར་སྐྲུན་སྡེ་ཚན་གྱི་དངོས་ཟོག་དང་ཨར་སྐྲུན་རྒྱུ་ཆ་སོགས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཁེ་ལས་དང་ཨར་སྐྲུན་སྡེ་ཚན་གྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་དུས་ཐོག་ཏུ་མཁོ་སྤྲོད་འདང་ངེས་ཡོང་བར་འགན་ལེན་བྱས་ཡོད།

གཞན་ཡང་། ས་གནས་དེ་གའི་གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་ཁུར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། “དུད་ཚང་དབུལ་པོ་རིགས་གསུམ”གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་ལེན་ཚད་གཞི་དེ་ཟོག་གོང་འཕར་བ་དང་ཟུང་འབྲེལ་བྱེད་པའི་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་པ། ཚད་མཐའ་བརྟན་དུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞབས་འདེགས་བཅས་བྱས་པ་རེད། དེ་དང་ཆབས་ཅིག་ཡུལ་སྐོར་ཞབས་ཞུའི་ཚན་ཆུང་གི་ཆེད་དོན་འགན་འཁུར་ལམ་སྲོལ་དང་འཐབ་ས་མདུན་མའི་བཀོད་འདོམས་པུའུ་བཙུགས་པ་དང་། ཡུལ་སྐོར་བའི་ཞབས་ཞུའི་ས་ཚིགས50ལྷག་བཙུགས་པ། ཆུ་ཚོད24ཡི་རིང་རང་སོར་ལུས་པའི་ཡུལ་སྐོར་བར་ཞབས་འདེགས་སྒྲུབ་པ། བགྲོད་ལམ་ཤར་གཏོང་འགན་ལེན་སོགས་ཀྱི་ལས་དོན་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།