ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས19ཉིན། ལྷ་ས་གྲོང་ཁྱེར་གྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གསུམ་པ་བསྡུས་པ་རེད།
ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཀོང་གིས་མིག་སྔར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་དང་། དོག་སྡེ། ཚལ་གོང་ཐང་བཅས་ཁྲོམ་གཞུང3དང་སྟོད་ལུང་བདེ་ཆེན་སོགས་རྫོང(ཆུས)7། བྱེད་ནུས་གླིང་ཁུལ3དུ་ཁེ་ལས་སྔ་རྗེས་སུ་ཐོན་སྐྱེད་སླར་གསོ་བྱུང་བ་དང་། ཚོང་ར་དང་སྒོ་རྩིས་ཁང་གིས་རིམ་བཞིན་ལས་གཉེར་བྱས་ཤིང་། སྔོ་ཚལ་ཚོང་ཁང་ནས་མཁོ་སྤྲོད་འདང་ངེས་བྱུང་བས། མང་ཚོགས་ཁག་གཅིག་གིས་དུས་ཐོག་ཏུ་འཚོ་བའི་མཁོ་ཆས་ཉོ་ཐུབ་པ་དང་། འཚོ་བའི་རིམ་བཞིན་སླར་གསོ་བྱུང་ལ། ཁྲོམ་གཞུང་ཁག་གཅིག་གི་མི་སྣ་ཉིན་བཞིན་ཇེ་མང་དུ་ཕྱིན་ཡོད།
རང་སོར་ལུས་པའི་མི་སྣའི་ཞབས་ཞུ་འགན་ལེན་ལས་དོན་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡི་ཏང་ཙུའི་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ཝང་རུའེ་ཡིས་རང་སྐྱོང་ལྗོངས་རིམས་འགོག་གཞུང་ལས་ཁང་གི《བོད་ལྗོངས་སུ་ལུས་པའི་ཡུལ་སྐོར་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་ལོག་པའི་ལས་དོན་ལེགས་པོར་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། ལྷ་སའི་རིམས་འགོག་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཟླ9འི་ཚེས13ཉིན《ལྷ་ས་གྲོང་ཁྱེར་དུ་ལུས་པའི་ཡུལ་སྐོར་བའི་ཁ་འགྲེམས་ཇུས་གཞི》བཟོས་ཡོད་ཅེས་ངོ་སྤྲོད་བྱས།
ཡུལ་སྐོར་བས་ཚུར་སྣང་བྱས་པའི་ཉེ་དུས་གནམ་གྲུ་ཐང་དང་མེ་འཁོར་འབབ་ཚུགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་ལས་དོན་ལ་དམིགས་ཏེ། ཅང་སུའུ་ཡི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཐུན་སྦྱོར་བྱས་ནས་ཡུལ་སྐོར་བ་ཅུང་མང་བའི་གསོལ་མགྲོན་ཁང་དང་ཟ་ཁང་། གནས་སྐབས་འཕྲལ་བསྟུན་ཕྱིར་སྐྱོད་པའི་ཡུལ་སྐོར་བར་སྒོ་རྩར་ཡོང་ནས་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་དང་། ཟླ9པའི་ཚེས18ཉིན་བར་བསྡོམས་པས་ཉིང་སྐྱུར་བརྟག་དཔྱད་ཐེངས60ལྷག་བྱས་པ་དང་། བསྡོམས་པས་མི་ཐེངས2100ལྷག་ལ་ཉིང་སྐྱུར་བརྟག་དཔྱད་བྱས།
ཡུལ་སྐོར་བས་བཏོན་པའི་སྤ་སེ་ཉོ་དཀའ་བའི་གནད་དོན་ལ་དམིགས་ཏེ། རང་སྐྱོང་ལྗོངས་ཡུལ་སྐོར་ཆེད་དོན་ཚན་ཆུང་དང་ལྕགས་ལམ་སྡེ་ཚན་དབར་འབྲེལ་མཐུད་ཧུར་ཐག་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་གནས་ཚུལ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་བོད་ལྗོངས་ནས་ཕྱིར་ལོག་པའི་ཆ་རྐྱེན་འཛོམས་པའི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ནས། ཉེ་དུས་སྤ་སེ་ཉོ་དཀའ་བའི་ཡུལ་སྐོར་བ150ལྷག་ལ་མེ་འཁོར་སྤ་སེ་ཉོ་རོགས་བྱས་ཡོད།
ཡུལ་སྐོར་བས་བཤད་པའི་མེ་འཁོར་འབབ་ཚུགས་དང་གནམ་ཐང་དུ་སྐྱོད་པའི་འགྲིམ་འགྲུལ་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་འགྲིམ་འགྲུལ་ཐོན་སྐྱེད་སྡེ་ཚོགས་དང་འབྲེལ་མཐུད་བྱས་ནས་ས་ཚིགས་སུ་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ས་ཚིགས་དང་ས་ཚིགས་དབར་གྱི་བྱ་ཐབས་སྤྱད་དེ་མེ་འཁོར་འབབ་ཚུགས་སུ་སྐྱེལ་བ་རེད། དེ་དང་ཆབས་ཅིག་ཉེ་དུས་དམངས་སྤྱོད་མཁའ་འགྲུལ་ཅུའུ་དང་འབྲེལ་བ་བྱས་ཏེ་གྲོང་ཁྱེར་ནང་ཁུལ་དུ་དུས་ཚོད་དང་གནས་གཏན་འཁེལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་ཞབས་ཞུ་སླར་གསོ་བྱས་ཡོད།
ཟླ9པའི་ཚེས19ཉིན་གྱི་ཉིན་དགུང་ཆུ་ཚོད12པའི་བར། ལྷ་སར་ལུས་པའི་ཡུལ་སྐོར་བ1200ཙམ་ཡོད་པའི་ནང་ལྗོངས་ནང་ཁུལ་གྱི་མི་སྣ་དང་དེ་བཞིན་དུས་ཐུང་ནང་བོད་ལྗོངས་ནས་ཁ་མི་བྲལ་བའི་ཡུལ་སྐོར་བ442ཡོད་པ་དང་། ཕ་ཡུལ་དུ་ལོག་འདོད་པའི་ཡུལ་སྐོར་བ739ཡོད། 《ལྷ་ས་གྲོང་ཁྱེར་གྱི་རང་སོར་ལུས་པའི་ཡུལ་སྐོར་བའི་ཁ་འགྲེམས་ཇུས་གཞི》གཞིར་བཟུང་། བསྡོམས་པས་ཆ་རྐྱེན་དང་མཐུན་པའི་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་ཡུལ་སྐོར་བ449ཉེན་ཁ་དམའ་བའི་ལྟ་ཞིབ་ས་ཚིགས་སུ་དབོར་འདྲེན་བྱས་ཡོད་ལ། དེའི་ནང་ལོ60ཡན་གྱི་རྒན་རྒོན་དང་། ལོ14མན་གྱི་བྱིས་པ། སྦྲུམ་མ། རྨང་གཞིའི་ནད་ཕོག་མཁན་སོགས་དམིགས་བསལ་ཡུལ་སྐོར་བ200ལྷག་སྔོན་ལ་དབོར་འདྲེན་བྱས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་ས་གྲོང་ཁྱེར་གྱིས་རང་སོར་ལུས་པའི་ཡུལ་སྐོར་བའི་ཁ་འགྲེམས་ཇུས་གཞི་བཏོན་པ།