ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཧུར་ཐག་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རིམས་ནད་ཐོན་ཚུན། བོད་ལྗོངས་ཀྱི་རིམ་ཁག་གྲོང་སྡོད་གཞུང་ལས་ཁང་དང་རྒྱ་ཆེའི་གྲོང་སྡོད་ལས་དོན་རུ་མིས་བཀའ་འབྱོར་འཕྲལ་སྒྲུབ་དང་། ཏང་གི་སེམས་ཁྲལ་སེལ་རོགས་དང་ཏང་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནང་ཧུར་ཐག་ཞུགས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱས་ཡོད།

གདོང་མཆོང་སྔོན་ལ་བྱས་ནས“སྒྲིག་འཛུགས་པ”དང“འཐབ་འཛིང་པ”ཡག་པོ་བྱས་ཤིང་། རིམ་ཁག་གྲོང་སྡོད་གཞུང་ལས་ཁང་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”5541ལ་གཞོགས་འདེགས་ཧུར་ཐག་བྱས་ནས་མགྱོགས་མྱུར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཏེ་གྲོང་སྡོད་ལས་བྱེད་པ་དང་། ཧྲུའུ་ཅི་དང་པོ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་སོགས་ལས་གྲུབ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། ཞིང་འབྲོག་པ་ཏང་ཡོན་དང་། དམག་ཞབས་ཐིམ་པའི་དམག་མི། མཉམ་འགོག་རུ་མི། གྲོང་ཚོའི་སྨན་པ་སོགས་ཀྱི་ལས་ཀའི་སྟོབས་ཤུགས་དང་མཉམ་འབྲེལ་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཡོད། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས“མི་སྣ་གྲོང་ཚོ(སྡེ་ཁུལ)ནས་མི་དོན་པའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་གྲལ་བཤེར་བསྡོམས་རྩིས་དང་། ཚ་བ་ལྟ་བ་དང་བདེ་ཐང་ཨང་རྟགས་བཤེར་བ། ཉིང་སྐྱུར་བརྟག་དཔྱད་བྱེད་པ། དོ་དམ་ཚོད་འཛིན་དང་ལོགས་བཀར་འཇོག་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ(དང་བླངས་པ)དཔུང་ཁག་ཁྲི་1.24ལྷག་ཙམ་བཙུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲལ་བཤེར་ལས་སྒྲུབ་ས་ཚིགས་ཁྲི་1.13ལྷག་ཙམ་བཙུགས་ཡོད།

སྣེ་ཁྲིད་བྱེད་རྒྱུར་དོ་སྣང་བྱས་ནས“དྲིལ་བསྒྲགས་པ”དང“ལམ་སྟོན་པ”ཡག་པོ་བྱས་ཤིང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་གྲོང་ཚོ་དང་སྡེ་ཁུལ་ལ་གཞོགས་འདེགས་བྱས་ཏེ་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་དང་། གྲོགས་ཚོགས་ནང་འཕྲིན་ཐུང་བསྐུར་བ། སྐད་འཕྲིན་བརྒྱུད་བསྐུར། ཁྱུག་དབྱིངས་ནས་ཐད་གཏོང་། སྐོར་སྐྱོད་རྒྱང་བསྒྲགས། རླུང་འཕྲིན་དྲིལ་བསྒྲགས་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དང་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་རང་འགུལ་ངང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་ཆ་འཕྲིན་སྙན་ཞུ་དང་། རིམས་ནད་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་དོ་སྣང་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། མང་ཚོགས་ལ་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་མི་ཤོད་པ་བཅས་དང་མང་ཚོགས་ཀྱི་དངངས་སྐྲག་གི་བསམ་པ་དུས་ཐོག་ཏུ་སེལ་བ་དང་རིམས་འགོག་གི་སེམས་ཤུགས་ཆེ་རུ་འགྲོ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་པར“ཞབས་ཞུ་བ”དང“འགན་སྲུང་བ”ཡག་པོ་བྱས་ཤིང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས“དམངས་ཆེད་བྱ་བ་དངོས་སྒྲུབ་པའི”ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱི“སྙིང་ཉེ་བ”དང“སྲོག་ཤིང”ཡག་པོ་བྱེད་པ་དང་། “དྲ་ཐོག་ནས་མངགས་ཐོ་དང་དྲ་ཕྱི་ནས་སྡེབ་སྐྱེལ”གྱི་ཟུང་འབྲེལ་བྱེད་སྟངས་སྤྱོད་པ། “མངཌ་སྐྱེལ་པ”དང“སྡེབ་སྐྱེལ་པ”བྱེད་པ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་སྔོ་ཚལ་དང་། འབྲུ་སྣུམ་དང་དེ་བཞིན་སྨན་རྫས་སོགས་མཁོ་ཆེའི་དངོས་ཟོག་དུས་ཐོག་ཏུ་སྡེབ་སྐྱེལ་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཡོད། དང་བླངས་པ་སོཌ་ཀྱི་སྟོབས་ཤུཌ་སྒྲིག་འཛུཌ་དང་སྐུལ་སློང་བྱས་ཏེ་སྟོན་བསྡུའི“འཕྲལ་རྒོལ་རུ་ཁག”བཙུགས་པ་དང་། འཚང་གཡོལ་ངང་བརྔ་བསྡུ་བྱས་ནས་སྒྲིག་འཛུགས་ཡོད་ལ་གོ་རིམ་ལྡན་པའི་ངང་མང་ཚོགས་ལ་ཞིང་ལས་སྐྱེ་དངོས་བརྔ་བསྡུ་བྱེད་རོགས་བྱས་པ་མ་ཟད། ད་དུང་ཞིང་སྤྱོད་འཕྲུལ་ཆས་དང་། ལྷུ་ལག སྣུམ་བཅས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བསྡུ་དགོས་ངེས་ཚང་མ་བསྡུ་བ་དང་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་བླུགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་གཉིས་ཀ་མི་འཕྱུགས་པ་བྱས་ཡོད། མིག་སྔའི་བར་མང་ཚོགས་ལ་སྟོན་བསྡུ་མུའུ་ཁྲི་58.96བྱེད་རོགས་བྱས་པ་དང་། དཀའ་གནད་དང་། འཕྲལ་མཁོ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་22.47ལྷག་ཙམ་ཐག་གཅོད་བྱས་པ་དེ་མང་ཚོགས་ཁྲི་182.88ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།