ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་མང་ཚོགས་ཀྱི“ཚོད་སླེ”སྲུང་སྐྱོང་བྱས་ཏེ་དམངས་འཚོའི་རྣམ་གྲངས་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཚོད་སླེ”ཐོན་རྫས་དེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་དེ་ནི་དམངས་འཚོའི་ཚོང་ཟོག་གལ་ཆེན་ཞིག་རེད། པྲོག་གསར་གློ་ཚད་སོགས་ཀྱི་ཤུགས་རྐྱེན་འོག“ཚོད་སླེ”ཐོན་རྫས་བརྟན་བརླིང་ངང་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། བོད་ལྗོངས་སུ་ཟླ་བརྒྱད་པ་སླེབས་པའི་ཚུན་པྲོག་གསར་གློ་ཚད་རིམས་ནད་གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཁ་གཏད་དེ་བོད་རང་སྐྱོང་ལྗོངས་ཀྱིས“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་མཆེད་འགོག་པའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”སྤྱིའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རིམས་ནད་སྦ་གསང་ངང་མཆེད་པའི་འབྲེལ་ཐག་མཐའ་གཅིག་ཏུ་བཀག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་འགན་སྲུང་བྱས་པ་རེད། སྔོ་ཚལ་ནི“ཚོད་སླེ”ཐོན་རྫས་གལ་ཆེན་ཡིན་པའི་ཆ་ནས། ཉིན་མཚན་བཅུ་ཕྲག་ཁ་ཤས་ཀྱི་ཉམས་སད་བརྒྱུད་ནས། བོད་ལྗོངས་ཡོངས་ཀྱི་སྔོ་ཚལ་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་སྟེ་འབྱུང་འགྱུར་རིམས་ནད་ལས་རྣམ་པར་རྒྱལ་བར་རྨང་གཞི་བཏིང་ཡོད།

ཟླ9བའི་ཚེས7ཉིན་བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་པྲོག་གསར་གློ་ཚད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སུམ་ཅུ་པ་ཐོག་ནས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་བརྒྱད་པ་ནས་བཟུང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཀྱི་སྔོ་ཚལ་མང་ཆེ་བ་ས་གནས་ཀྱི་འདེབས་འཛུགས་གཉེར་སྐྱོང་དུད་ཚང་གིས་མཁོ་འདོན་བྱེད་བཞིན་ཡོད་པ་དང་། སྔོ་ཚལ་ལ་ལ་འཐུ་བ་དང་། མིས་ཐབས་ལ་བརྟེན་པ་དང་སྐྱེལ་འདྲེན་བཅས་ཀྱི་དབང་གིས་མ་གནས་འཕར་བར་བརྟེན་རིན་གོང་འཕར་ཆག་ཕྲན་བུ་བྱུང་ནའང་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་རེད།

ཟླ8པའི་ཚེས31ཉིན་བར་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་དངོས་ཟོག་གྲབས་གསོག་གི་གནས་ཚུལ་ནི། འབྲས་དང་ཕྱེ་ཏུན་ཁྲི2.7དང་། བཟའ་སྣུམ་ཏུན1686། ཤ་རིགས་ཏུན4078། སྔོ་ཚལ་ཏུན2729བཅས་ཡོད་པ་དང་། འཚོ་བའི་དངོས་ཟོག་སོ་སོ་མཁོ་སྤྲོད་འགན་ལེན་བྱེད་པའི་ཉིན་གྲངས་ནི། འབྲུ་རིགས་ཉིན120ཡན་དང་། བཟའ་སྣུམ་ཉིན52། ཤ་རིགས67། སྔོ་ཚལ་ཉིན22། སྒོ་ང་དང་འོ་མ། རྩམ་པ། མར། དེ་བཞིན་འཚོ་བའི་མཁོ་ཆས་གཞན་དག་བཅས་གསོག་འཇོག་འདང་ངེས་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས་སྔོ་ཚལ་མཁོ་སྤྲོད་འགན་ལེན་ལས་དོན་བཀོད་སྒྲིག་ཧུར་ཐག་བྱས་ཏེ་རིམས་ནད་འགོག་སྡོམ་བྱེད་རིང་སྔོ་ཚལ་མཁོ་སྤྲོད་བྱེད་པའི་ལྗང་མདོག་བགྲོད་ལམ་བཏོད་པ་རེད། བསྡོམས་རྩིས་ལྟར་ན། སྔོ་ཚལ་བརྒྱུད་འདྲེན་བྱས་པ་ནས་བཟུང་ཆབ་མདོ་གྲོང་ཁྱེར་དང་ཁ་རུབ་ཆུས་ཀྱི་རིམ་གཉིས་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གྲོང་ཁུལ་མཐའ་འཁོར་གྱི་སྔོ་ཚལ་འདེབས་འཛུགས་དུད་ཚང71དང་སྔོ་ཚལ་སྡེབ་ཚོང་དང་སིལ་ཚོང་ཚོང་ཁང50ལ་ས་གནས་ཀྱི་སྔོ་ཚལ་ཏུན35བརྒྱུད་འདྲེན་བྱེད་རོགས་བྱས་ཤིང་། དེའི་ནང་ཟླ9བའི་ཚེས5ནས7བར་ཆེད་མངགས་ཀྱིས་ས་གནས་སྔོ་ཚལ་ཏུན26ལྷག་ཉོ་སྒྲུབ་བྱས་པ་དག་ལྷ་ས་གྲོང་ཁྱེར་དུ་སྐྱེལ་འདྲེན་བྱས་ཡོད།

མངའ་རིས་སུ་རེས་སྐོར་འདིའི་རིམས་ནད་བྱུང་བ་ནས་བཟུང་། མངའ་རིས་ས་ཁུལ་ཏང་ཨུ་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་འཕྲལ་དུ་བཀོད་སྒྲིག་བྱས་ནས་དངོས་རྫས་དུས་ཐོག་ཏུ་དབོར་བ་དང་འཚོ་བའི་དངོས་ཟོག་མཁོ་འདོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མང་ཚོགས་ལ“བརྩེ་སེམས་མཚོན་པའི་སྔོ་ཚལ་ཁུག་མ”གྲ་སྒྲིག་བྱས་པ་རེད། ཟླ9བའི་ཚེས7ཉིན་བར་སྤྱི་ཚོགས་ཁྱོན་ཡོངས་ལ་རིན་མེད་ངང“བརྩེ་སེམས་སྔོ་ཚལ་ཁུག་མ”7146སྤྲད་པ་དང་དེ་སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་ཁུལ་གཙོ་བོ་ཁྱོན་ཡོངས་ལ་ཁྱབ་ཡོད།

གློ་བུར་དུ་བྱུང་བའི་ཐེངས་འདིའི་རིམས་ནད་ཀྱིས་བོད་ལྗོངས་ཀྱི་འཚོ་བའི་དངོས་ཟོག་མཁོ་འདོན་དང་ལྷག་པར་དུ“ཚོད་སླེ”ཐོན་རྫས་ཀྱི་འཕྲལ་སྡོམ་མཁོ་སྤྲོད་ལ་ཤུགས་རྐྱེན་ཐེབས་མེད་པ་རེད། ད་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ནང2021ལོར་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་མངོན་ཡོད། དེའི་ནང་འབྲུ་རིགས་ཐོན་ཚད་ཏུན་ཁྲི106.5དང་། ནས་ཐོན་ཚད་ཏུན་ཁྲི82ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། ཤ་དང་འོ་མ་དང་སྔོ་ཚལ་ཐོན་ཚད་སོ་སོར་ཏུན་ཁྲི82དང་ཏུན་ཁྲི88ཟིན་པ་དང་། “འབྲུ་རིགས་སྣ་ཁ་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་བསྡོམས་འབོར1014ཟིན་ཡོད། ད་ལོའི་ལས་ཀའི་ལས་འགན་ངོ་སྤྲོད་བྱེད་སྐབས་སྙན་ཞུ་དེའི་ནང་ཞིང་འབྲོག་ལས་དེང་རབས་ཅན་གྱི་རྨང་གཞི་བརྟན་བརླིང་དུ་བཏང་ནས། “འབྲུ་ཁུག”དང“ཚོད་སླེ”ཡི་སྲིད་འཛིན་མགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། འབྲུ་རིགས་ཐོན་ཚད་བརྟན་བརླིང་ཡོང་བ་དང་འབྲུ་རིགས་ཐོན་ཚད་ཁྲི100ཡན་གྱི་འགན་ལེན་བྱས་ཏེ་འབྲུ་རིགས་གསོག་ཉར་དང་ནས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།

མིག་སྔར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་སྤུས་ལེགས་སྔོ་ཚལ་མཁོ་སྤྲོད་རྟེན་གཞི་བསྐྲུན་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྔོ་ཚལ་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཐོན་སྐྱེད་ནུས་པ་བརྟན་བརླིང་ངང་འདོན་སྤེལ་ཐུབ་པ་མ་ཟད། ད་དུང་ཉམས་གསོ་བྱེད་ཐུབ་པའི་དྲོད་ཁང་ཉམས་གསོ་སྒྱུར་བཀོད་བྱས་ནས་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་ཞིང་། དེ་དང་ཆབས་ཅིག་ད་ཡོད་ཀྱི་སྔོ་ཚལ་སྒྲིག་ཆས་སྤྱད་དེ་སྔོ་ཚལ་རིགས་ཆེ་གྲས་མཁོ་སྤྲོད་འགན་ལེན་གྱི་དགོས་མཁོར་གཞིགས་ནས་ཐོན་རྫས་གྲུབ་ཆ་དང་ཐོན་སྐྱེད་ཁྱབ་ཚུལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱས་པ་དང་། འདེབས་འཛུགས་བྱེད་ཁུངས་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་ད་ཡོད་སྔོ་ཚལ་སྒྲིག་ཆས་ཡོད་ཚེ་འདེབས་འཛུགས་གང་ཐུབ་བྱེད་པ་དང་། སྔོ་ཚལ་རིགས་འདེབས་འཛུགས་ཐུབ་པ་དང་། ཐོན་ཐུབ་པ་བཅས་འགན་ལེན་བྱས་ནས་སྔོ་ཚལ་འགན་སྲུང་དང་མཁོན་སྤྲོད་བྱེད་ནུས་ཆེ་རུ་བཏང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“བརྟན་ཐོག་ཡར་བརྩོན”གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། སྟོབས་ཆེན་བཅས་དོན་ཆེན་ཁག་བཞི་དམ་འཛིན་ཡག་པོ་བྱས་པས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། དམངས་འཚོའི་བྱ་གཞག་བཅས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ཡོད། ལོ་བཅུའི་རིང་བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ཚོད་སླེ་ཆུང་ཡང་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད། “ཚོད་སླེ”ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་དང་ཁྲོམ་རའི་འཁོར་རྒྱུག སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ། སྙོམས་སྒྲིག་འགན་ལེན་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ“ཚོད་སླེ”ཐོན་རྫས་མཁོ་སྤྲོད་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ། ད་གཟོད་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་མཁན་གྱི་ཞིང་འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་ཐུབ་པ་མ་ཟད། མང་ཚོགས་ཀྱི་གསོལ་ལྕོག་ཐོག་གི་ཚལ་རིགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།