ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་དགུ་པ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་དགུ་པ་འཚོགས་ནས། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། ལྷོ་ཁ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་52(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་29དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་2 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་15 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་6 )མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་453(ལྷ་ས་གྲོང་ཁྱེར་ལ་210དང་། གཞིས་རྩེ་གྲོང་ཁྱེར་ལ་149 ལྷོ་ཁ་གྲོང་ཁྱེར་ལ་8 ཉིང་ཁྲི་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་15 ནག་ཆུ་གྲོང་ཁྱེར་ལ་6 མངའ་རིས་ས་ཁུལ་ལ་26)མང་དུ་ཕྱིན་ཡོད་པ་རེད། 

ཟླ་9ཚེས་6ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་32(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་7དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་21 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་3) མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་228(ལྷ་ས་གྲོང་ཁྱེར་ལ་147དང་། གཞིས་རྩེ་གྲོང་ཁྱེར་ལ་41 ལྷོ་ཁ་གྲོང་ཁྱེར་ལ་6 ཆབ་མདོ་གྲོང་ཁྱེར་ལ་6 ནག་ཆུ་གྲོང་ཁྱེར་ལ་16 མངའ་རིས་ས་ཁུལ་ལ་12)མང་དུ་ཕྱིན་ཡོད་པ་རེད།

ཟླ་9ཚེས་5ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་444དང་ཉེན་ཁ་འབྲིང་བའི་ཁུལ་238ཡོད་པ་རེད། ཟླ་9ཚེས་5ཉིན་ཏོག་གསར་ནད་དུག་འགོས་པ་505མང་དུ་ཕྱིན་པ་དེ་དག་ཚང་མ་ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

ཟླ་9ཚེས་5ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་876དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་37943ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་53082ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

“མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕན་འབྲས་བཟང་པོ་ཐོབ་ཡོད། འོན་ཀྱང་འགན་འཁྲི་དོན་འཁྱོལ་དང་། ལས་དོན་འབྲེལ་མཐུད། གཙོ་གནད་མི་ཚོགས་ལ་དོ་དམ་ཚོད་འཛིན་སོགས་ཀྱི་ཐད་ད་དུང་ཞན་ཆ་དང་མི་འདང་བའི་ཆ་གནས་ཡོད་པས་མང་ཚོགས་ཀྱི་འཚོ་བར་སྟབས་མི་བདེ་བ་བཟོས་ཡོད” རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དང་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་གནང་དོན། གོམ་སྟབས་རྗེས་མར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཞན་ཆ་དང་མི་འདང་བའི་ཆར་དམ་པོར་དམིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་རྒྱུ་རེད་ཅེས་གསུངས་པ་རེད།

ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ལེབ་སྙོམས་ཅན་གྱི་དོ་དམ་མངོན་གསལ་དོད་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་དང་། ལས་དོན་འབྲེལ་མཐུད། གཙོ་གནད་མི་ཚོགས་ལ་དོ་དམ་ཚོད་འཛིན་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་ཅན་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་དེ་འཇོན་ཐང་སྤྱོད་ཚུལ་དང་ལས་དོན་སྒྲུབ་སྟངས་ལ་ཞིབ་དཔྱད་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་ཞིབ་ཕྲའི་ལས་དོན་ཁྲོད་ནས་མངོན་པར་བྱས་ཏེ་འགན་འཁྲི་རིམ་པ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བར་ལྷག་བསམ་རྣམ་དག་གིས་སེམས་ཁུར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་བཅས་བྱས་ཏེ། བརྩེ་བ་འཆང་བཞིན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་དགོས།

ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་མོའུ་ཡུང་ཝུན་གྱིས་ངོ་སྤྲོད་བྱས་དོན། ཟླ་8ཚེས་26ཉིན་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་རྣམ་པ་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་རིམས་ནད་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་བཅད་དེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་རྒྱུ་རེད། ལས་རིགས་ཁུལ་གྱི་སྒོ་མོ་རིམ་བཞིན་དབྱེ་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་གཞི་རྩའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་འཁོར་རྒྱུག་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་ལས་རིགས་ཀྱི་ཁྱབ་ཁོངས་ནས་འགོ་རྩོམ་རྒྱུ་ཡིན་ཞིང་། སྒོ་རྩིས་ཚོང་ཁང་དང་སྨན་རྫས་ཚོང་ཁང་སོགས་དམངས་འཚོའི་ཞབས་ཞུ་ཁུལ་རིམ་བཞིན་སྒོ་མོ་དབྱེ་རྒྱུ་དང་། མི་སྣ་འདུ་འཛོམས་མང་བའི་ཁུལ་མཇུག་ཏུ་སྒོ་མོ་དབྱེ་རྒྱུ་རེད། ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། སློབ་འགོ་བསྐྱར་ཚུགས་བཅས་ལ་རིམ་པ་བཞིན་སྐུལ་འདེད་བཏང་ནས། སྟོན་བསྡུ་དང་། རྣམ་གྲངས་ཀྱི་ལས་འགོ་བསྐྱར་ཚུགས། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ། སློབ་འགོ་བསྐྱར་ཚུགས་སོགས་ཀྱི་གཙོ་གནད་ལ་དམིགས་ཏེ་གདུབ་ཟུམ་དོ་དམ་དང་རིགས་དབྱེ་ནས་ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དུས་གཅིག་ཏུ་དོན་འཁྱོལ་བྱེད་རྒྱུ་དང་། ལས་རིགས་དང་། སྡེ་ཚན། ས་ཁོངས་བཅས་ལ་དབྱེ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་གྱི་ཇུས་གཞི་བཟོ་རྒྱུ། ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། སློབ་འགོ་བསྐྱར་ཚུགས་བཅས་ཀྱི་གནད་དོན་གྱི་གསལ་ཐོ་རིམ་བཞིན་ལེགས་སྒྲིག་དང་འབྲེལ་དེ་མཚུངས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བདེ་བླག་ཡོང་བའི་འགན་ལེན་བྱེད་རྒྱུ་རེད། དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་6ཐད་ཀྱི་དོན་ཚན་33དང་། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་བརྟན་གཏོང་གི་སྲིད་ཇུས་སྦབ་ཆ་གཅིག་གི་དོན་ཚན་38 གྲོང་ཁྱེར་རིམ་པའི་སྲིད་ཇུས་དོན་ཚན་20བཅས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་ཆབས་ཅིག་འབྲེལ་ཡོད་རོགས་སྐྱོར་བྱེད་ཐབས་སྔར་བས་ཞིབ་བཟོ་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་ཐད་ཀར་སྲིད་ཇུས་དོན་འཁྱོལ་གང་ཐུབ་བྱེད་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གང་ཐུབ་བཏང་ནས་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་ཡོང་བར་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།