ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རྗེས་གྲབས་སྒྲོམ་ཚང་སྨན་ཁང25བསྐྲུན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རིམ་པ་ཁག་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་གིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་རིམས་འགོག་དགོས་མཁོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བོད་ལྗོངས་ཀྱི་རྗེས་གྲབས་སྒྲོམ་ཚང་སྨན་ཁང་སྒྱུར་བཀོད་དང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། ཟླ9པའི་ཚེས6ཉིན་བར་བོད་ལྗོངས་ཀྱིས་རྗེས་གྲབས་སྒྲོམ་ཚང་སྨན་ཁང25བསྐྲུན་ཟིན་པ་དང་ཉལ་ཁྲི་ཁྲི3.09བཀོད་སྒྲིག་བྱས་ཡོད།

ལྷ་ས་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང9དང་ཉལ་ཁྲི17547ཡོད་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང6དང་ཉལ་ཁྲི9594། ལྷོ་ཁ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང2དང་ཉལ་ཁྲི699། ཉིང་ཁྲི་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང1དང་ཉལ་ཁྲི233། ཆབ་མདོ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང1དང་ཉལ་ཁྲི600། ནག་ཆུ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང1དང་ཉལ་ཁྲི238། མངའ་རིས་ས་ཁུལ་དུ་སྒྲོམ་ཚང་སྨན་ཁང5དང་ཉལ་ཁྲི2069བཅས་བསྐྲུན་ཡོད།

བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱིས་སྒྲོམ་ཚང་སྨན་ཁང6འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་ཉལ་ཁྲི6515བཀོད་སྒྲིག་བྱས་ཡོད། འཆར་གཞི་ལྟར་སྒྲོམ་ཚང་སྨན་ཁང4ཡི་འཛུགས་སྐྲུན་གྱི་དུས་ཚོད་དང་ཉལ་ཁྲི་བཀོད་སྒྲིག་དེ་ས་གནས་ཁག་གི་རིམས་ནད་འགོག་སྡོམ་ལས་དོན་གྱི་དགོས་མཁོར་གཞིགས་ནས་གཏན་འཁེལ་བྱ་རྒྱུ་རེད།

ཉིན་དེར། “བདེ་ཐང་ཀྲུང་གོ”ཡིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད0ནས24བར་བོད་ལྗོངས་སུ་ནད་པ52ཡོད་པ་དང་། སྨན་ཁང་ནས་དྲག་སྐྱེད་བྱུང་ནས་ཕྱིར་བུད་པ39། ནད་རྟགས་མེད་པའི་ནད་དུག་འགོས་མཁན453ཇེ་མང་དུ་ཕྱིན་པ་བཅས་ཀྱི་སྙན་ཞུ་ཕུལ་ཡོད།

ལྷ་ས་གྲོང་ཁྱེར་གཞུང་ཕྱོགས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ལྟར་ན། ཟླ9པའི་ཚེས5ཉིན། ལྷ་ས་གྲོང་ཁྱེར་དུ་པྲོག་གསར་ནད་དུག་འགོས་མཁན239གསར་དུ་འཕར་བ་དང་དེའི་ནང་གཏན་འཁེལ་ནད་པ29དང་། ནད་རྟགས་མེད་པའི་ནད་དུག་འགོས་མཁན210ཡོད་པ་དང་། གསར་དུ་ཐོན་པའི་གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་དུག་འགོས་མཁན་ཚང་མ་ལོགས་བཀར་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།