ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཅའ་ཁྲིམས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།
——མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་འགྲེལ་བཤད་རྒྱག་པ།

ཚེས30ཉིན་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དྲུག་པར་གྲོས་ཞིབ་བྱ་རྒྱུར་ཐོག་མར་ཕུལ་བ་རེད། འདི་ནི་རང་རྒྱལ་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ཕྱིར་ཆེད་དུ་བཟོས་པའི་བཅའ་ཁྲིམས་ཤིག་རེད། ཅིའི་ཕྱིར་ཆེད་དུ་ཁྲིམས་ལུགས་གཏན་འབེབས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་སམ། བཅའ་ཁྲིམས་འཆར་ཟིན་འདིར་དོ་སྣང་བྱེད་དགོས་ས་གང་དག་ཡོད་དམ།

འཆར་ཟིན་གྱི་གསལ་བཤད་ནང་ངོ་སྤྲོད་ལྟར་ན། རང་རྒྱལ་གྱི་མཚོ་བོད་ས་མཐོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི258ཡོད་པ་དང་། དེ་བོད་ལྗོངས་དང་། མཚོ་སྔོན། ཞིན་ཅང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་འབྲེལ་ཡོད་རྫོང་དང་གྲོང་ཁྱེར། ཆུས་བཅས་དང་འབྲེལ་བ་ཡོད། མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འགག་རྩའི་ཁུལ་དང་ཚོར་སྐྱེན་ཁུལ། འཛམ་གླིང་གི་རི་ཁུལ་འཁྱགས་རོམ་ཆེས་འཚར་འཕེལ་བྱུང་བའི་ས་ཁུལ་དང་ཨེ་ཤེ་ཡའི་གཙང་བོ་གལ་ཆེན་མང་པོ་ཞིག་གི་ཆུའི་འབྱུང་ཡུལ་བཅས་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་ནུས་བའི་གནས་ཚུལ་གྱིས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། སྐྱེ་དངོས་སྣ་མང་རང་བཞིན། ཆུའི་ཐོན་ཁུངས་མཁོ་འདོན། གནམ་གཤིས་མ་ལག་བརྟན་བརླིང་། ཐཱན་གྱི་གཏོང་ཡོང་དོ་སྙོམས་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པས། རང་རྒྱལ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་བ་ལྡན་ཡོད།

ཡིན་ཡང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་དེ་གནད་དོན་དང་འགྲན་སློང་མང་པོ་དང་འཕྲད་ཡོད་དེ། རྩྭ་ས་ཞན་འགྱུར་དུ་འགྲོ་བའི་ཉེན་ཁ་སྔར་བཞིན་ཚབས་ཆེ་བ་དང་། འཁྱགས་རོམ་ཞན་འགྱུར་གྱི་ཉེན་ཁ་ཆེ་རུ་འགྲོ་བ། ས་ཆུ་ཤོར་བ་དང་ས་ཞིང་མྱ་ངམ་ཐང་དུ་འགྱུར་བའི་ཉེན་ཁ་ཇེ་ཆེ་ཡིན་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་ཉེན་ཁ་འཕྲད་པ། གནམ་གཤིས་ཐལ་དྲགས་ཡིན་པ། གནམ་གཤིས་ཀྱི་ཉེན་ཁ་དང་དེ་ལས་བྱུང་བའི་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཆེ་རུ་ཕྱིན་པ་བཅས་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དང་སྐྱེ་ཁམས་ཀྱི་ཉེན་ཁར་ཁ་གཏོད་དགོས་ན། རྒྱལ་ཁབ་ཁྲིམས་འཛུགས་ཀྱི་ངོས་ནས་མཚོ་བོད་ས་མཐོའི་མ་ལག་སྲུང་སྐྱོང་དང་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མ་ལག་ཇེ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་ཁྲིམས་ལྟར་སྲུང་དགོས།

འཆར་ཟིན་གྱི་གསལ་བཤད་ནང་ངོ་སྤྲོད་ལྟར་ན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཀྱི་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ། 2021ལོར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་བརྟག་ཞིབ་དང་ཁྲིམས་འཛུགས་ཀྱི་རིགས་པས་ཁུངས་སྐྱེལ་ལས་དོན་སྒྲིག་འཛུགས་བྱས་ནས། བསྡོམས་པས་བརྟག་ཞིབ་དང་ཚོད་སྐོར་སྙན་ཞུ8བཏོན་ཡོད། བཅའ་ཁྲིམས་འཆར་ཟིན་འགོད་པའི་ལས་དོན་ཁྲོད་ཁྲིམས་བཟོའི་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པ་དང་། གཙོ་གནད་ནང་དོན་འབུར་དུ་ཐོན་ནས་མཚོ་བོད་ས་མཐོའི་དམིགས་བསལ་དང་མངོན་གསལ་གྱི་གནད་དོན་ལ་དམིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་བཟོས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་མ་ལག་བརྒྱུད་རིམ་ལྡན་པའི་ངང་བཏོད་ཡོད། དེ་དང་ཆབས་ཅིག་འཆར་ཟིན་ནང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་སྦྲེལ་མཐུད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཡོད།

འཆར་ཟིན་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་རེ་བཞི་ཡོད་ཅིང་། དེའི་ནང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཞི་རྩའི་རྩ་དོན་དང་། དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་གཏོད་པ། སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འགན་ལེན་དང་ལྟ་སྐུལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་འདུས་ཡོད།

འཆར་ཟིན་ནང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཞི་རྩའི་རྩ་དོན་གཏན་ལ་ཕབ་ཡོད་དེ། གཙོ་རྐང་ལ་དམ་པོར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་དེ་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོ་དང་འགྱུར་མེད་གཅུན་སྡོམ་ལ་བརྩིས་ཡོད། འཆར་ཟིན་ནང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཐད་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་ས་མཚམས་བརྟན་སྲུང་བྱེད་པ། རང་བྱུང་སླར་གསོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རི་ཆུ་ནགས་ཞིང་། མཚེའུ། རྩྭ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ། སྤྱི་འདོམས་མཐུན་སྦྱོར་བྱེད་པ། རིགས་དབྱེ་ཇུས་བསྟར་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱེད་པ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་བཅས་ཁ་གསལ་བཏོན་ཡོད།

མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་རྣམ་པ་གཏོད་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ཇེ་ལེགས་སུ་གཏོང་བར་དམིགས་ནས། འཆར་ཟིན་ནང་མཚོ་བོད་ས་མཐོའི་རྒྱལ་ཁབ་ས་ཆའི་བར་མཐོངས་བེད་སྤྱོད་དང་རྒྱལ་ཁབ་ས་ཆའི་བར་མཐོངས་སྤྱོད་ཡུལ་དོ་དམ་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་ལ་ཁུལ་དབྱེ་དོ་དམ་ཚོད་འཛིན་ཇུས་གཞི། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ། རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྱོང་། ཐོན་ཁུངས་གསར་སྤེལ་ཆོག་འཐུས་སོགས་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱས་ཡོད།

མཚོ་བོད་ས་མཐོའི་མཐོ་གྲང་སྐྱེ་ཁམས་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་བྱ་རྒྱུར་དམིགས་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། འཆར་ཟིན་ནང་ཆུ་བོ་དང་། མཚེའུ། རྩྭ་ཐང་། ནགས་ཚལ། བརླན་ས་སོགས་སྐྱེ་ཁམས་མ་ལག་གི་རྒྱུ་རྐྱེན་གཙོ་བོ་སྲུང་སྐྱོང་བྱ་རྒྱུའི་ཐད་གཏན་འབེབས་བྱས་ལ། གཙང་གསུམ་འབྱུང་ཡུལ་སོགས་ལྟེ་བའི་ས་ཁོངས་ལ་གཙོ་གནད་ཐོག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཚོ་བོད་ས་མཐོའི་རྩ་ཆེ་དང་སྟོངས་ཉེན་ཡོད་པ། ས་ཁོངས་ཀྱི་དམིགས་བསལ་རི་སྐྱེ་སྲོག་ཆགས་དང་སྐྱེ་དངོས་རིགས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རྨོ་ཞིང་སྲུང་སྐྱོང་དང་། མྱ་ངན་ཐང་དུ་འགྱུར་བ་དང་ས་ཆུ་ཤོར་བ་སོགས་འགོག་བཅོས་བྱེད་པ། ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ཡོད།

གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་འགུལ་སྐྱོད་ཤུགས་རྐྱེན་ལས་བྱུང་བའི་སྐྱེ་ཁམས་ཉེན་ཁར་དམིགས་ཏེ། གནམ་གཤིས་ཀྱི་འགྱུར་ལྡོག་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་ལྡན་མ་ལག་ལ་ཁ་གཏོད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ། རང་བྱུང་གནོད་འཚེ་བརྟག་དཔྱད་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ། འཁྱགས་རོམ་གངས་རི་བཀག་སྡོམ་དང་འཁྱག་ས་སྲུང་སྐྱོང་། ལས་གཞི་གལ་ཆེན་གྱི་སྐྱེ་ཁམས་ཤུགས་རྐྱེན་ལ་ལྟ་ཞིབ་ཚད་ལེན། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ། ཕྱིའི་སྐྱེ་དངོས་རིགས་བཙན་འཛུལ་ལ་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱས་པ་རེད།

མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་རྒྱབ་སྐྱོར་དང་འགན་སྲུང་ལ་ཤུགས་སྣོན་བྱ་ཆེད། འཆར་ཟིན་ནང་ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁ་གསལ་བཟོས་ཏེ་སྤྱི་ཚོགས་ཀྱི་མ་རྩ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་དོན་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། ལས་རྗེས་གདེང་འཇོག་དཔྱད་ཞིབ་དང་། ཁྲིམས་འཛིན་ལྟ་སྐུལ། ཁྲིམས་འཛིན་འགན་ལེན། དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་སོགས་ཀྱི་ལམ་ལུགས་བྱེད་ཐབས་གཏན་འཁེལ་བྱས་ཡོད།

འཆར་ཟིན་ནང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་མ་ལག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། དམིགས་བསལ་ས་ཁམས་དང་ས་ཁོངས་དེའི་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་བསལ་གྱི་ལམ་ལུགས་བྱེད་ཐབས་སྤྱད་དེ་རི་ཆུ་ནགས་ཞིང་དང་། མཚོ། རྩྭ་ཐང་། འཁྱགས་རོམ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་སླར་གསོ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་དེས་ལམ་ལུགས་ཇུས་འགོད་ཀྱི་མ་ལག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཤིང་། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེ་འགོག་ཟོན། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ཕྱོགས་ནས་ཡོད་པའི་གནད་དོན་ཁྲིམས་ལྟར་ཐག་གིས་བཅད་དེ། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་གོང་དུ་འཕེལ་བར་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།