ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་ཀྱི་འཐབ་ས་དང་པོར་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཏེ་ཁྱིམ་གཞིས་སྲུང་སྐྱོང་ཧུར་ཐག་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ།

ཞོགས་པའི་ཉི་འོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོར་འཕྲོ་སྐབས་གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་དུ་མི་རྣམས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། ཉིན་ཤས་བསྟུད་མར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་། ཀྲི་པུའི་ཏང་ཡོན། གྲོང་སྡོད་ལས་བྱེད་པ། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ། གྲོང་ཚོ་དེ་གའི་ན་གཞོན་ཕུགས་བསམ་ཅན་སོགས་མི་20ལས་གྲུབ་པའི་ཐོག་སྨད་གྲོང་ཚོའི་གསར་བརྗེའི་རིམས་འགོག་དང་བླངས་ཞབས་ཞུ་རུ་ཁག་གིས་གོ་རིམ་ལྡན་པའི་སྒོ་ནས་ཁྱོན་ཐེངས་5དང་མི་2000ལྷག་ཙམ་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད།

ཐོག་སྨད་གྲོང་ཚོའི་གསར་བརྗེའི་རིམས་འགོག་དང་བླངས་ཞབས་ཞུ་རུ་ཁག་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་འགོག་དང་བླངས་པའི་དཔུང་ཁག་མང་པོའི་གྲས་ཤིག་རེད། ཉེ་ཆར་གློ་བུར་དུ་ཐོན་པའི་རིམས་ནད་ལ་དམིགས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་མང་ཚོགས་ལ་དམ་པོར་བརྟེན་ནས་རྣམ་པ་སྣ་ཚོགས་ཀྱི་རིམས་ནད་འགོག་རྒོལ་དང་བླངས་པའི་དཔུང་ཁག་བཙུགས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

“རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་དང་ང་ཚོའི་ཁྱིམ་གཞིས་དང་ནང་མིའི་བདེ་ཐང་སྲུང་སྐྱོང་བྱ་ཆེད། འདིར་ངས་ལྷན་རྒྱས་ང་ཚོའི་དང་བླངས་པའི་དཔུང་ཁག་ནང་ཞུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན” ཟླ་8ཚེས་9ཉིན་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འབོད་སྐུལ་འོག་མི་མི་ཉུང་བ་ཞིག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་པའི་དཔུང་ཁག་ལ་ཞུགས་ནས་ཁག་གསུམ་ལ་བགོས་ཏེ་གོ་རིམ་ལྡན་པའི་སྒོ་ནས་མཐིལ་རྟོགས་གྲལ་བཤེར་དང་། འགག་སྒོ་དོ་དམ་ཚོད་འཛིན། དངོས་ཟོག་སྐྱེལ་འདྲེན་འགན་ལེན་སོགས་ཀྱི་ལས་དོན་སྤེལ་བ་རེད།

མེ་ཏོག་རྫོང་དུ་རིམ་ཁག་ཏང་རྩ་འཛུགས་ཀྱིས“རིམས་ནད་ཕྱི་ནས་མི་འགོ་སྔོན་འགོག”གི་འགོག་སྲུང་འཛིང་རགས་བཟོས་པ་དང་། དང་བླངས་ཞབས་ཞུའི་གནས་སྐབས་ཏང་རྩ་འཛུགས་55བཙུགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲོག་འགྲེལ་བྱེད་མཁན་གནས་སྐབས་ཏང་རྩ་འཛུགས་46བཙུགས་པ། སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་ཡོན་གྱི་གདོང་ལེན་དང་བླངས་ཞབས་ཞུ་རུ་ཁག་57བཙུགས་པ། གྲོང་སྡོད་ལས་བྱེད་པ་145གྲོང་སྡོད་སྔོན་འགོག་དང་ཚོད་འཛིན་གྱི་རུ་མིར་བསྒྱུར་བ། སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དྲིལ་བསྒྲགས་དང་དུད་ཚང་དུ་གྲལ་བཤེར་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་རེད། གཞན་ཡང་མེ་ཏོག་རྫོང་གིས་ལས་ཁུངས་ཀྱི་རྒྱུན་གཏན་ལས་དོན་འཁོར་སྐྱོད་ཐུབ་པའི་འགན་ལེན་འོག་སྟོབས་ཤུགས་བཀོད་སྒྲིག་གང་ཐུབ་བྱས་ནས་གཞི་རིམ་གྱི་རིམས་ནད་འགོག་བཅོས་ནང་ཞུགས་སུ་བཅུག་ཡོད། ཁག་དང་པོར་ཚན་པ་36དང་ཏང་ཡོན་83སྐུལ་སློང་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལྕི་བ་དང་། མི་མཁོ་ཆེ་བའི་མི་དམངས་སྨན་ཁང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ལ་རོགས་སྐྱོར་བྱེད་པར་བཏང་བ་དང་། དང་བླངས་པ་510ལྷག་ཙམ་གྱིས་དུས་དང་རྣམ་པ་ཀུན་ཏུ་གཅིག་གྱུར་བཀོད་གཏོང་ལ་ཉན་རྒྱུར་ཁྲིད་སྟོན་བྱས་པ་དང་གཞི་རིམ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཁྱོན་ཡོངས་ནས་བརྟན་དུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གསར་བརྗེའི་འགོག་སྲུང་འཛིང་རགས”མང་པོ་བསྐྲུན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།