ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཡན་ཅིན་ཧའེ་ཡིས་ལྷ་སར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཁག་གཅིག་དང་མེ་འཁོར་བབས་ཚུགས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། འཐབ་ས་དང་པོའི་རིམས་འགོག་མི་སྣར་བྱམས་བརྩེའི་ངང་གཟིགས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བརྟག་ཞིབ་ནང་ལྷན་དུ་ཞུགས་ཡོད་པ་རེད།

ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་དང་། སྣེའུ་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་སུ་ལས་དོན་མི་སྣས་སྨན་དོན་མི་སྣ་དང་མཉམ་དུ་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས“བརྟག་དཔྱད་བཞི་དང་ཚད་ལེན་གཅིག”སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། ཡན་ཅིན་ཧའེ་ཡིས་འགྲོ་འོང་བྱེད་མཁན་འཁོར་རིགས་ཀྱི་གྲངས་འབོར་དང་། མི་སྣ་བཀོད་སྒྲིག ལས་རེས་སྡོད་བྱ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་འགག་རྩའི་དུས་སུ་ཇི་ཙམ་སླེབས་ན་འཇོན་ཐང་དང་། སྤྱོད་ཚུལ། འགན་འཁྲི་འཁུར་སེམས་བཅས་ལ་ཚོད་བགམ་དེ་ཚོད་ཀྱིས་ཆེ་བ་ཡོད་པས། འགོག་སྲུང་ནན་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་སྐྱེད་ཀྱིས་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་འཁུར་བ་དང“བརྟག་དཔྱད་བཞི་དང་ཚད་ལེན་གཅིག”གི་འགག་སྒོ་ནན་པོ་སྲུང་བ། གྲལ་བཤེར་བརྟག་དཔྱད་བྱེད་སྐབས་འཁོར་རིགས་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་ཐུབ་པ་བཅས་བྱས་ཏེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཡག་པོ་སྲུང་དགོས། ཚན་རིག་དང་མཐུན་པའི་སྤྱི་འདོམས་བྱེད་པ་དང་། མི་སྣའི་སྟོབས་ཤུགས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་རེས་སྡོད་བྱའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། “བོད་ལྗོངས་ཤར་བགྲོད”སོགས་གྲངས་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། ལས་དོན་མི་སྣར་ཚད་ལྡན་གྱི་འགོག་སྲུང་སྒྲིག་ཆས་སྤྲོད་པ་བཅས་བྱེད་དགོས། ཞབས་ཞུ་ལེགས་སུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་ཡུལ་སྐོར་བ་དང་མང་ཚོགས་ལ་ཞབས་ཞུ་ཁྲིད་སྟོན་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། མང་ཚོགས་དང་ལྷག་པར་དུ་རྒན་རྒོན་སོགས་ཚོགས་སྤྱིའི་དཀའ་ངལ་དངོས་སེལ་རོགས་བྱེད་པ། ངང་རྒྱུད་རིང་པོས་ཞབས་འདེགས་དོ་དམ་ཞིབ་ཚགས་བསྒྲུབས་ནས་ཡུལ་སྐོར་བ་དང་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བཅས་བྱས་ཏེ་ཐུན་མོང་ཐོག“རིམས་ནད་ལ་འཐབ་པའི”དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་དང་བཅས་པས་ལྷན་དུ་ཡོད་པའི་མི་སྣར་ལྷ་སའི་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནི་ཧ་ཅང་གལ་ཆེན་པོ་ཡིན་པས་བབ་བསྟུན་ལེགས་སྒྲིག་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་ཡག་པོ་བྱེད་པ། ཉིང་སྐྱུར་དཔེ་ལེན་ས་ཚིགས་མང་དུ་གཏོང་བ། ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་ཚང་མར་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་ཐུབ་པའི་ལས་དོན་གང་མགྱོགས་ཚར་བ་བྱས་ཏེ། རིམས་ནད་ཁྱབ་ཁོངས་ཆུང་ཤོས་སུ་ཚོད་འཛིན་ཐུབ་པའི་འབད་བརྩོན་གང་ལེགས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་དང་དྲག་པོ་འདིར་དུས་ཚོད་ཐུང་ཤོས་དང་རིན་དོད་ཆུང་ཤོས་ཀྱི་སྒོ་ནས་རྒྱལ་ཁ་ལེན་ཐུབ་པར་བྱེད་དགོས། འཐབ་ས་དང་པོའི་སྔོན་འགོག་དང་ཚོད་འཛིན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་འཚོ་བའི་འགན་ལེན་ཡག་པོ་བྱེད་པ་དང་། ངལ་གསོ་བཀོད་སྒྲིག་ལུགས་མཐུན་བྱེད་པ། སེམས་ཁྲལ་སེལ་བ་བཅས་བྱས་ཏེ་བློ་བདེ་ལ་ཡིད་ལ་འཐད་པའི་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པའི་མངགས་བཅོལ་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།