ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སློབ་སློབ་ཐོན་སློབ་མར་ཁྲིད་སྟོན་ཡག་པོ་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་བཏོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཆབ་མདོ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པ།

2021ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དེ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ་དམ་འཛིན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ཟམ་མི་ཆད་པར་ལས་ཞུགས་ཐུབ་པར་བྱེད་པའི་ཞབས་ཞུའི་བྱ་སྤྱོད་ལག་ལེན་བསྟར་ནས། མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་དང་སྲིད་གཞུང་དུ་ལས་ཞུགས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་གཞི་འཛིན་ས་དང་། སྤུས་ལེགས་ཀྱི་ལས་ཞུགས་ཞབས་ཞུ་འདེགས་སྐྱོར་དུ་བྱས་ཏེ་གནད་སྨིན་ཇུས་འདོན་དང་ཕྱོགས་མང་ཤུགས་འདོན་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་དུས་བབ་སྤྱི་ཡོངས་བརྟན་པོ་ཡོང་བར་བྱས་ཡོད།

དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་བ་འགྱུར་ལྡོག་འགྲོ་བར་ཁྲིད་སྟོན་བྱས་པ།

“མང་ཚོགས་དང་ཉེ་བཅར་དང་། གོ་བདེ་ཤེས་སླ། རྣམ་པ་གསར་གཏོད། བྱ་ཐབས་ལ་སྣང་ཆེན”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དང་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་ཀྱི་དཔེ་མཚོན་ལ་དམ་པོར་དམིགས་ཏེ། བབ་བསྟུན་གྱི་ཐབས་ལམ་སྣ་ཚོགས་ཐོག་ནས“གཤམ་སྐྱོད་ལྔ་དང་དྲིལ་བསྒྲགས་གཅིག”གི་དྲིལ་བསྒྲགས་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱས་ཡོད།

2021ལོའི་ཟླ་5པར་ཆབ་མདོ་གྲོང་ཁྱེར་གྱིས་གཞུང་གི་ལས་གནས་ལ་རྒྱུགས་གཏོང་བའི་གོ་སྐབས་བཟང་པོ་སྤྱད་ནས་རྒྱུགས་གནས་ཁག་ཏུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་ས་བཙུགས་ཏེ། གྲོང་མི་དང་མཐོ་སློབ་སློབ་ཐོན་སློབ་མར་གཅིག་གཏད་གཅིག་གི་སྲིད་ཇུས་གསལ་འགྲེལ་དང་སྒྲོག་འགྲེལ་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་དང་ཁྱོན་བསྡོམས་དྲིལ་བསྒྲགས་དཔྱད་གཞི་5000ལྷག་ཙམ་སྤྲད་པ་རེད།

དེ་དང་ཆབས་ཅིག་མཐོ་སློབ་སློབ་ཐོན་སློབ་མའི་ཁྱད་ཆོས་མང་པོ་ཐད་ཀར་མངོན་ཐུབ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་མི་སྣའི་དྲིལ་བསྒྲགས་པར་གཞི་སྒྲིག་བཟོ་བྱས་ཏེ། སྨྱན་སྦྱོར་ཆེ་གྲས་ཁག་ནས་རྒྱ་ཁྱབ་ངང་གཏོང་སྤེལ་བྱས་ནས་ལོ་འདི་གའི་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ཐབས་ལམ་མང་པོ་ཡོད་པ་ཤེས་སུ་བཅུག་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་བ་འགྱུར་ལྡོག་ཡོང་བར་ཁྲིད་སྟོན་ནུས་ལྡན་བྱས་ཡོད།

ད་བར་གྲོང་ཁྱེར་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་མི་4264ལས་ཞུགས་ཐུབ་སྟེ་ལས་ཞུགས་ཐུབ་ཚད་99.16%ཟིན་ཡོད། དེའི་ཁྲོད་མི་3441ཁྲོམ་རར་ལས་ཞུགས་ཐུབ་པ་དེས་ལས་ཞུགས་མི་གྲངས་ཀྱི་སྤྱི་འབོར་གྱི་80.9%ཟིན་ཡོད་པ་རེད།

ལྗོངས་ཕྱིའི་ལས་གནས་སྔར་ལས་མང་བ་འཚོལ་ཞིབ་དང་མཐུན་སྦྱོར་བྱས་པ།

2021ལོའི་ཟླ་9པར། ཆབ་མདོར་ལས་ཞུགས་རོགས་སྐྱོར་བྱེད་པའི་མི་ཤུགས་ཐོན་ཁུངས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་གཉེར་བས། ལས་ཞུགས་ཀྱི་ཕུགས་འདུན་བཅངས་པའི་མཐོ་སློབ་སློབ་ཐོན་སློབ་མ་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་འདུས་ཏེ་ལས་གནས་མི་རེ་ངོ་རེའི་ངོ་སྤྲོད་མདོར་བསྡུས་བལྟས་རྗེས་རང་རང་གི་བློ་ལ་འབབ་པའི་ལས་གནས་འཚོལ་འགོ་ཚུགས།

2021ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ལས་ཞུགས་བོད་སྐྱོར་བྱ་གཞག་གི་ལས་གནས་209བསྡུ་རུབ་བྱས་ཤིང་། ཁྲུང་ཆིང་གི་བྱ་གཞག་ཚན་པའི་ལས་གནས་70དང་། ཧྥུའུ་ཅན་གྱི་བྱ་གཞག་ཚན་པའི་ལས་གནས་75 ཐེན་ཅིན་གྱི་བྱ་གཞག་ཚན་པའི་ལས་གནས་64བཅས་ཡོད་པ་རེད། དེ་དང་ཆབས་ཅིག་རོགས་སྐྱོར་བྱེད་མཁན་དང་དང་ལེན་ཞུ་མཁན་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཆབ་མདོར་བཅའ་སྡོད་དང་རོགས་སྐྱོར་བྱེད་མཁན་ཞིང་ཆེན(གྲོང་ཁྱེར)གྱི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་དངོས་སུ་བཙུགས་པ་དང་། མི་155ཁག་བདུན་ལ་བགོས་ནས་ལྗོངས་ཕྱིར་ཁེ་ལས་ཀྱི་མངགས་ཐོ་རྣམ་པ་དང་ལས་ཞུགས་ཉམས་ལེན་རྣམ་པའི་གསོ་སྦྱོང་ལ་བཏང་སྟེ་མི་43ལྗོངས་ཕྱིར་ལས་ཞུགས་བྱས་ཡོད།

2021ལོར་ཆབ་མདོ་གྲོང་ཁྱེར་གྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་ལས་གཙོ་བོ་སློབ་གསོ་དང་། བཟོ་ཚོང་དོ་དམ། གློག་རྡུལ་ཆ་འཕྲིན། སྐད་ཡིག་རྩོམ་རིག་སོགས་སུ་གཅིག་སྡུད་ཆེ་བ་དང་། ལོ་འདི་གའི་སློབ་ཐོན་སློབ་མའི་ཆེད་ལས་ཀྱི་གྲུབ་ཆ་དང་སློབ་རྒྱུས་མཐོ་དམན་ལ་དམིགས་ནས་ཆབ་མདོ་གྲོང་ཁྱེར་གྱིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ནས་ལས་ཞུགས་བོད་སྐྱོར་ལས་གནས་མཐུན་སྦྱོར་བྱས་ཤིང་། རིམ་རྩིས་བྱས་ན་རིགས་ཁག་གི་ལས་ཞུགས་ལས་གནས་15680གསར་སྤེལ་བྱས་ཡོད། དེའི་ནང་ལྗོངས་ནང་ཁུལ་གྱི་ལས་གནས་10755དང་ལྗོངས་ཕྱིའི་ལས་གནས་4925ཟིན་ནས། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་རེར་ལས་ཞུགས་ལས་གནས་3གདམ་ག་བྱེད་རྒྱུ་ཡོད་པར་བྱས་ཡོད།

ཁ་གསབ་སྤྲད་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

ཆབ་མདོ་གྲོང་ཁྱེར་སྤང་མདའ་བཟོ་ཚོང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་བཞིན་པའི་བསོད་ནམས་ཀྱིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་ཁ་གསབ་རེ་ཞུ་བྱས་པས། མི་རིང་བའི་གོང་བསོད་ནམས་ཀྱི་དངུལ་ཁང་རྩིས་ཁྲར་སྒོར་ཁྲི་ལྷག་གི་ཁ་གསབ་དངུལ་སླེབས་པས། བསོད་ནམས་ཀྱིས“ངས་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ནས་ཁ་གསབ་དེ་ལེན་ཆོག་གི་ཡོད་པ་ཤེས་བྱུང་། ད་ཆ་དངུལ་དེ་དག་ལ་བརྟེན་ནས་ཁྱིམ་ཆས་གསར་པ་འགའ་ཉོ་རྩིས་ཡོད”ཅེས་དངུལ་ཇི་ལྟར་སྤྱོད་རྩིས་ཡོད་མེད་སྐོར་བཤད།

ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་ཁ་གསབ་ནི་2017ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་ལྗོངས་ནང་ཁུལ་གྱི་ཁེ་ལས་དང་ངལ་རྩོལ་གན་རྒྱ་བཞག་པ་དང་། སློབ་གྲྭ་ཐོན་ནས་ལོ་5སོང་བའི་རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མས་ལེན་ཆོག་པའི་ལས་ཞུགས་ཁ་གསབ་ཅིག་རེད། མཐོ་སློབ་སློབ་ཐོན་སློབ་མ་གནས་སའི་ཁེ་ལས་ཀྱིས“བོད་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན”ལ་ཐོ་འགོད་བྱས་ནས་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱས་ཏེ་མི་སྤྱི་སྡེ་ཚན་གྱི་ཞིབ་དཔྱད་ཚད་ལོན་བྱུང་རྗེས་ཁེ་ལས་ཀྱིས་ཁོ་ཚོའི་འབྲེལ་ཡོད་དཔྱད་གཞི་སྡེབ་གཅིག་ལ་མི་སྤྱི་སྡེ་ཚན་ལ་སྐྱེལ་བ་དང་། ཁོ་ཚོས་ཁ་གསབ་མ་དངུལ་བསྒུགས་ན་འགྲིག་གི་ཡོད་པ་རེད།

གཟིགས་སྐྱོང་སྲིད་ཇུས་རེ་རེ་བཏོན་པ་ཚང་མས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་འཐབ་འགོད་ཇུས་འདོན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལས་ཞུགས་ལས་གཏོད་ལས་དོན་གྱི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་རྩོམ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།