ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ཡོན་གྱིས་སྣེ་ཁྲིད་དེ་གྲོང་གསེབ་ལ་གསོན་ཤུགས་འཕེལ་བར་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བསྡུས་རིས།

ཏང་གི་གཞི་རིམ་རྩ་འཛུགས་ནི་སྤྱི་ཚོགས་ཀྱི་གཞི་རིམ་ཁྲོད་ཀྱི་ཏང་གི་དམག་འཐབ་མཁར་རྫོང་དང་ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་ནུས་ཀྱི་རྨང་གཞི་རེད།

ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། བྱ་སྤྱོད་ཐོག་དོན་འཁྱོལ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་དང་། དམངས་ཕན་ཞབས་ཞུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་། རིག་གནས་དྲིལ་བསྒྲགས་བཅས“ལས་སྟེགས་བཞི”གཏོད་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་བློ་བརྟན་འགྱུར་མེད་ངང་གཞི་རིམ་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ནས་ཏང་གིས་འགོ་ཁྲིད་རྒྱུ་དོན་འཁྱོལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་པ་རེད།

རྨང་གཞི་བརྟན་དུ་བཏང་ནས་གཡུལ་ས་སྟོབས་ཆེར་གཏོང་དགོས།

གྲོང་ཚོའི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་ཆེད། སྦྲ་ཆེན་རྫོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་། ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་རྩྭ་ཐང་གི་དཔའ་བོ་སྤུས་དག་གི་བྱས་རྗེས་དང་སྦྲ་ཆེན་གྱི་གསར་བརྗེའི་གཏམ་རྒྱུད་གསོ་སྦྱོང་གི་ནང་དོན་ནང་བཅུག་ནས་རང་ས་ཅན་གྱི་གསར་བརྗེའི་སློབ་གསོའི་སྤུས་རྟགས་བཏོད་པ་རེད།

2021ལོ་ནས་བཟུང་སྦྲ་ཆེན་རྫོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་དེ་བཞིན་ཏང་དོན་ལས་དོན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མི་ཐེངས་1635ལ་གསོ་སྦྱོང་བྱས་པ་རེད། རྫོང་དང་ཤང་གི་གཅིག་སྡུད་གསོ་སྦྱོང་དང་གྲོང་སྡོད་ལས་བྱེད་པའི་ཆ་སྒྲིག་སློབ་རོགས་སོགས་ཀྱི་རྣམ་པ་བརྒྱུད། སྦྲ་ཆེན་རྫོང་གི་གྲོང་ཚོའི་ལས་བྱེད་པ་90%ཡན་ལ“ཡིག་འབྲུ་སུམ་ཅུའི”ནང་དོན་སློབ་སྦྱོང་བྱེད་པའི་ནུས་པ་ལྡན་པ་དང་གྲོང་ཚོའི་ལས་བྱེད་པ་70%ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་ཀྱི་ཡོད་པ་རེད།

ཏང་ཡོན་ལས་བྱེད་པའི་འཇོན་ཐང་ཆེ་རུ་བཏང་བ་བརྒྱུད། སྦྲ་ཆེན་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ་དང་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་བཏང་སྟེ་གཞི་རིམ་ལས་དོན་ཁྲོད་ཏང་རྩ་འཛུགས་ཀྱིས་གཙོ་འགན་འཁུར་དུ་བཅུག་ཡོད།

སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།

ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས་གང་ལེགས་སྤྱད་དེ་སྔོན་ཐོན་གྱི“གཉིས་ལྡན་དུད་སྦྲེལ”འཛུགས་གཏོད་དང་དམངས་དོན་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་སོགས་གཙོ་གནད་ལས་དོན་ལ་བརྩིས་ནས“བཅའ་ཁྲིམས་ཁྱིམ་ཚང་ཁྲིར་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་ཐེངས་5400ལྷག་ཙམ་བྱས་པ་དང་། གྲོང་མིའི་ལས་འཛིན་ལྷན་ཚོགས་བཙུགས་ནས་གྲོང་ཚོ་དེ་གའི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་གཉེར་བར་དོ་དམ་བྱས་ཏེ་གྲོང་མིར་སྟབས་བདེའི་སྒོ་ནས་གཤིན་པོ་དུར་འཇུག་དང་བཀྲ་ཤིས་རྟེན་འབྲེལ་གྱི་ལས་དོན་གཉེར་བར་ཁྲིད་སྟོན་བྱས་པ་མ་ཟད། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག“གྲོང་མིའི་སྤྱི་ཆིངས”འཐུས་སྒོ་ཚང་དུ་བཏང་སྟེ་བྱ་དགའ་དང་ཆད་གཅོད་བཅོས་སྒྲིག་གི་ལམ་སྲོལ་ནང་བཅུག་ནས་ཡ་རབས་གོམས་སྲོལ་གྱི་འདུ་ཤེས་རིམ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད།

དེ་དང་ཆབས་ཅིག སྦྲ་ཆེན་རྫོང་གིས“ཏང་གི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བར་ཐག་མེད་པའི”དམིགས་ཚད་ངེས་གནས་ལ་གཞི་ཚུགས་ཏེ་དམངས་ཕན་ཞབས་ཞུའི་ལས་སྟེགས་བཏོད་ནས་སྐར་ཁུང་གཅིག་རྣམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བས་མིག་སྔར་ས་ཁོངས་ཧྲིལ་པོར་ཁྱབ་ནས་དམངས་ཕན་ཞབས་ཞུ“ཐག་ཉེ་སར་དང་སྒོ་འགྲམ་དུ”སྒྲུབ་སྟེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། ལོ་གཅིག་རིང་རྫོང་ཡོངས་ཀྱི་དམངས་ཕན་ཞབས་ཞུའི་ལས་སྟེགས་ཀྱིས་བློ་འདྲི་དང་ལེན་དང་རོགས་སྐྱོབ་ཁྲི་3.3བྱས་པ་དང་གྱོད་གཞི་ཁྲི་3ལྷག་ཙམ་ཐག་གཅོད་བྱས་པ་རེད།

རིག་གནས་དྲིལ་བསྒྲགས་བྱས་ཏེ་གཞི་རྟེན་གྱི་གསོན་ཤུགས་འཕེལ་བར་བྱས་པ།

མང་ཚོགས་རང་ཁྱིམ་གྱི་སྒོ་འགྲམ་དུ་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པ་དང་། ཤེས་དཔལ་གྱི་ལག་ལེན་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ། ཏང་ཡོན་གྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་སྦྲ་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་རིག་གནས་དྲིལ་བསྒྲགས་ལས་སྟེགས་སྤྱད་དེ“སྦྲ་གུར་ནག་པོའི”སྒྲོག་འགྲེལ་ཞབས་ཞུ་རུ་ཁག་བཙུགས་ནས་གོང་འོག་ཚང་མར་ཉེ་བཅར་ཐུབ་པའི་སྲིད་ཇུས་སྒྲོག་འགྲེལ་དང་། བཅའ་ཁྲིམས་ཀྱི་ཞབས་ཞུ། རིག་རྩལ་འཁྲབ་སྟོན་སོགས་བྱས་པས་མང་ཚོགས་ལ་དྲིལ་བསྒྲགས་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཏན་ཏིག་ཐུབ་པ་རེད།

འདི་ལོ་ནས་བཟུང་མི་4300ལྷག་ཙམ་ལས་གྲུབ་པའི་ཏང་ཡོན་གདོང་ལེན་པ་དང་དང་བླངས་རུ་ཁག་དང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་རུ་ཁག་སོགས་རྐང་འཛིན་སྟོབས་ཤུགས་460ལྷག་ཙམ་ཞིང་ནང་དང་མུ་ཁར་བསྐྱོད་པ་དང་གྲོང་ཚོ་དང་འབྲོག་རར་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། “གྲོང་ཚོ་སྟོང་དང་གྲོང་སྡེ་ཁྲིའི་སེམས་པ་ཏང་ལ་ཕྱོགས་པ”དང་། “ང་དང་རྒྱལ་དར་མཉམ་དུ་པར་རྒྱག་པ”“གླུ་ཞིག་བླངས་ནས་ཏང་ལ་འབུལ”སོགས་ཀྱི་བྱེད་སྒོ་ཐེངས་400ལྷག་ཙམ་སྤེལ་བ། “གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འཐབ་བྱེད་པའི”བྱེད་སྒོའི་ཁྲོད་ཡར་ཤོད་ཤང་གི་རིག་གནས་དྲིལ་བསྒྲགས་ལས་སྟེགས་ཀྱིས་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་ཆུང་བཙུགས་ནས་དྲ་ཐོག་དང་དྲ་ཕྱིའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་བས་ཉན་མཁན་མང་ཚོགས་མི་ཐེངས་5000ལྷག་ཙམ་ཟིན་ཡོད་པ་རེད།

“ད་ཆ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཕྱེད་ཀ་ལྷག་ཙམ་དུ་ཉིན་ལྟར་གཞས་གཏོང་བ་དང་། སྐོར་བྲོ་འཁྲབ་པ། རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་བ་བཅས་བྱེད་པས་རིག་གནས་དྲིལ་བསྒྲགས་ལས་སྟེགས་མི་རིགས་རིག་གནས་རྒྱུན་འཛིན་དང་བདེ་ཐང་གི་འཚོ་བ་དར་སྤེལ་གཏོང་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་སྦྲ་ཆེན་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཝུའུ་མའོ་ཅིས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།