ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གླང་ཆེན་ཁ་འབབ་ངོགས་ཀྱི་གཡུ་ཡི་གཞོང་པ་ལྟར་གྱི་སྤུ་གླིང་།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220809554203836160.jpeg

འདི་ནི་ལྗོན་ཤིང་གིས་བརྒྱན་པའི་སྤུ་གླིང་གྲོང་ཚོ་ཡིན་པ།

རྩྭ་མདའ་རྫོང་གྲོང་ནས་ཐོན་ཏེ་ལུང་གཞུང་བརྒྱུད་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཡོད་ས་ནས་སྤྱི་ལེ་བཅུ་ལྷག་ཙམ་བསྐྱོད་ན་མཐོ་ལྡིང་གྲོང་རྡལ་སྤུ་གླིང་གྲོང་ཚོར་འབྱོར་ཞིང་། དེ་གར་མཐོ་ཚད་སྨི་ཉི་ཤུ་སུམ་ཅུ་ཙམ་ཟིན་པའི་སྦྱར་པ་སྟོང་ཕྲག་ལྷག་ཙམ་གྲལ་སྟར་འགྲིག་པོས་དབུས་ཀྱི་ཁང་པ་དང་ས་ཞིང་དག་བརྒྱན་པའི་ཚུལ་དུ་ཀྲོང་ངེར་གནས།

བསམ་པ་རྣམ་དག་ངང་ཤིང་འཛུགས་པར་བྲེལ།

དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར་ལོ་15ལ་སླེབས་པའི་བུ་བཀྲ་ཤིས་ཕུན་ཚོགས་དང་ཕྲུ་གུ་གཞན་དག་ཚོས་གྲོང་ཚོ་ཡོངས་ཀྱི་མི་རྒན་པའི་སྣེ་ཁྲིད་འོག་གྲོང་ཚོའི་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ་དེང་གི་སྤུ་གླིང་གྲོང་ཚོའི་སྦྱར་པ་ཁག་དང་པོ་དེ་བཏབ།

“སྤུ་གླིང་གྲོང་ཚོ་ནི་1975ལོར་སྤྱི་ལེ་100ལྷག་གི་གྲོག་རོང་ནས་སྤོས་ཡོང་བ་དང་སྐབས་དེ་དུས་ས་ཆ་འདི་ནི་ཐང་སྡེར་རེད”ཅེས་སྤུ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་སྐབས་གཉིས་འཁུར་མྱོང་བའི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས“དུས་རབས་གོང་མའི་ལོ་རབས་90པར་གྲོང་ཚོར་ས་རྡོའི་ཁང་པ་དང་སེག་མའི་ལམ་ལས་མེད་པས། ཆར་པ་འབབ་སྐབས་འདམ་རྫབ་ཀྱིས་ཁེངས་པ་དང་རླུང་བུ་ལྡང་སྐབས་ཐལ་བས་ཁེངས་ཀྱི་ཡོད”ཅེས་བཤད།

ད་ཆ་སྤུ་གླིང་གྲོང་ཚོས་ཤིང་འཛུགས་རྒྱུ་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ་དུད་ཚང་ཚང་མའི་མང་ཚོགས་ལ་ལོ་ལྟར་ཉུང་ཤོས་ལའང་ཤིང་སྡོང་10འཛུགས་དགོས་པ་མ་ཟད། ཤིང་སྡོང་གསོན་ཚད་90%ཡན་ཟིན་དགོས་པའི་འབོད་སྐུལ་བྱས་ཡོད། ཏང་ཚོགས་ཆུང་དང་། ལས་སྒྲུབ་ཚོགས་ཆུང་། གཉིས་ལྡན་དུད་སྦྲེལ་སོགས་ཚན་པར་བྱས་ཏེ་མཉམ་སྡེབ་ཤིང་འཛུགས་ཀྱི་ལས་འགན་གཏན་འཁེལ་བྱས་པས། གྲོང་ཚོ་ཡོངས་ལ་དུད་ཚང་95དང་མི་329ལས་མེད་ཀྱང་ལོ་ལྟར་ཤིང་འཛུགས་བྱེད་ཚད་སྡོང་རྐང་5000ལྷག་ཟིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་4ཟིན་པ། ནགས་ཚལ་དང་རྩྭ་ཐང་ཁེབས་ཚད་60%ཟིན་ཡོད།

ལྗོན་ཤིང་བཏབ་པས་བདེ་སྐྱིད་ལྡན།

ལོ་ལྟར་ཟླ་3པར་བོད་ནུབ་རྒྱུད་ཀྱི་ས་མཐོའི་ས་ཆ་མང་ཆེ་བར་སྔར་བཞིན་གྲང་ངར་ཆེ་ཡང་སྤུ་གླིང་གྲོང་ཚོའི་མང་ཚོགས་རྣམས་ལས་ལ་བྲེལ་འགོ་ཚུགས་ཟིན། ཁོང་ཚོས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྒྲིག་འཛུགས་འོག་ཁྱིམ་ཚང་མི་རེ་ངོ་རེས་མིའམ་འཁོར་རིགས་བཏང་སྟེ་སྤྱི་ལེ་100ལྷག་གི་སར་ཡོད་པའི་སྤུ་གླིང་གྲོང་ཚོའི་དེ་སྔའི་གནས་ཡུལ་གྱི་གྲོག་རོང་ཡོད་སར་སྡོང་ཕྲུག་ལེན་པར་ཡོང་།

སྡོང་ཕྲུག་བླངས་ཚར་རྗེས་བགོ་བཤའ་རྒྱག་དགོས་ཤིང་། སྤྱིར་ན་དུད་ཚང་རེའི་མང་ཚོགས་ཚོས་གྲོང་ཚོས་གཏན་འཁེལ་བྱས་པ་ལས་སྡོང་རྐང་10ལྷག་མང་བ་འཛུགས་ཀྱི་ཡོད། བཀྲ་ཤིས་ཕུན་ཚོགས་ཀྱིས་ད་དུང་རྩྭ་མདའ་རྫོང་རང་བྱུང་ཐོན་ཁུངས་ཅུས་སུ་ས་བོན་སློང་ནས་གྲོང་ཚོའི་མཐའ་འཁོར་དུ་མེ་ཏོག་བཏབ་པ་དང་། ཡང་བསྟི་ཡག་ཤང་ནས་རྒྱ་ལྕང་གི་སྡོང་ཕྲུག་བཙལ་ཏེ་ཚོད་འདེབས་བྱས་པས་ན་ནིང་སྡོང་ཕྲུག་གསོན་ཚད་ཕྱེད་ཀ་ཙམ་ཟིན་པ་དང་ད་ལོ་སྡོང་ཕྲུག་ཚང་མ་སྐྱེས་ཡོད།

2006ལོར་གྲོང་ཚོའི་མི་རྣམས་ས་རྡོའི་ཁང་པ་ནས་བདེ་སྡོད་ཁང་པར་སྤོས་ཡོད། 2008ལོར་གྲོང་ཚོའི་ནང་ཨར་འདམ་ལམ་བཏིང་ཡོད། 2015ལོར་རང་འབབ་ཆུ་ཀ་ལའི་ལས་གྲྭ་ལེགས་གྲུབ་ཟིན་པས་དུས་དེ་ནས་བཟུང་ཚང་མ་འཐུང་ཆུ་ལེན་པར་འགྲོ་དགོས་ཀྱི་མེད། 2017ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་ཡོད། 2019ལོར་བཙོག་ཆུ་གཙང་གསིང་ལས་གྲྭ་ལེགས་གྲུབ་ཟིན་ཏེ་བཙོག་ཆུ་ངེས་པར་དུ་གཙང་གསིང་བྱས་རྗེས་གཞི་ནས་སེང་གེ་ཁ་འབབ་ནང་གློད་ཆོག་གི་ཡོད། 2021ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་3.7ཟིན་པ་དང་ལྷག་པར་དུ་སྡོང་ཕྲུག་བཙོངས་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2000བྱུང་སྟེ་རི་སྔོན་ཆུ་དྭངས་གསེར་དངུལ་རིར་འགྱུར་བ་བྱེད་པའི་འདུན་པ་དོན་དངོས་ལ་གྱུར་ཡོད།

གྲོང་ཚོ་མཛེས་ལ་མི་རྣམས་འཆམ་པ།

“ད་ཆ་སྡོང་ཕྲུག་འཚར་བ་དང་། ཁང་པ་དེ་བས་རྒྱ་ཆེ་བ། འཚོ་བ་དེ་བས་སྐྱིད་པ་སོགས་ལས་སླ་པོར་བྱུང་བ་མིན་པའི་གྲུབ་འབྲས་དེ་དག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ནི་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། སྤུ་གླིང་གྲོང་ཚོར་གཟའ་འཁོར་རེར་མཉམ་སྡེབ་འོས་འགན་གཙང་སྦྲ་ཐེངས་1ནས་3བར་བྱེད་ཀྱི་ཡོད། དེ་ཡང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་སྒྲིག་འཛུགས་བྱེད་མི་དགོས་པར་མང་ཚོགས་ཀྱིས་རང་འགུལ་ངང་གཙང་སྦྲའི་ཡོ་བྱད་འཁྱེར་ནས་ཁང་པའི་རྒྱབ་མདུན་དང་སྤྱི་པའི་ས་ཆར་གཙང་སྦྲ་བྱེད་པ་དང་། སྤྱི་པའི་གསང་སྤྱོད་ལ་ཆ་མཚོན་ན་གཟའ་འཁོར་རེར་དུད་ཚང་རེའི་མང་ཚོགས་རེས་མོས་ཀྱིས་གཙང་སྦྲ་བྱེད་ཀྱི་ཡོད། གྲོང་ཚོ་ཡོངས་སུ་སྤྱི་པའི་གད་གཞོང་4བཙུགས་པ་དང་དུད་ཚང་རེར་གད་གཞོང་གཅིག་རེ་སྤྲད་ནས་རྩྭ་མདའ་རྫོང་ཁོར་ཡུག་སྲུང་སྐྱོང་རུ་ཁག་གི་རོགས་རམ་འོག་ཉིན་གཉིས་ནང་གད་སྙིགས་གཙང་སེལ་ཐེངས་རེ་བྱེད་ཀྱི་ཡོད”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད།

དེ་དང་ཆབས་ཅིག གྲོང་ཚོས་དུས་ཚིགས་རེར་མང་ཚོགས་ཁྱིམ་གྱི་གཙང་སྦྲར་དཔྱད་བསྡུར་བྱས་ཏེ་ལོ་མཇུག་ཏུ་སྤྱིའི་དཔྱད་བསྡུར་བྱེད་པ་དང་འབྲེལ། གཙང་སྦྲ་ལེགས་པར་བྱ་དགའ་སྤྲད་དེ་ཕན་ཚུན་རྗེས་སྙེག་དང་ཕན་ཚུན་འགྲན་བསྡུར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

མཐོ་ལྡིང་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དབང་འདུས་ལ་ན་ནིང་གི་དཔྱད་བསྡུར་ཁྲོད་ཨང་དང་པོ་ཐོབ་ཅིང་། ཁོང་གི་ཁྱིམ་དུ་སྐྱོད་སྐབས། མཛེས་བཟོ་རྒྱས་པོ་བྱས་མེད་ཀྱང་གཙང་སྦྲ་དོད་ལ་ཁྱིམ་ཆས་གྲལ་འགྲིག་པོ་ཡོད།

དབང་འདུས་ཀྱིས་གསར་འགོད་པར“ད་ཆ་ཁྱིམ་ཚང་ཚང་མར་ཆུ་ཚོད་24ཆུ་ཤར་གཏོང་ཐུབ་ལ་ཆུ་སྲོ་ཆས་ཀྱང་ཉོས་ཡོད་པ་མ་ཟད། གཙང་སྦྲ་ལའང་དེ་བས་དོ་སྣང་ཆེ་རུ་སོང་ཡོད”ཅེས་གད་མོ་དགོད་བཞིན་བཤད།

གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད་སྤུ་གླིང་གྲོང་ཚོར་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་དང་རང་སྐྱོང་ལྗོངས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ལོ་གཉིས་བསྟུད་མར་མཐོ་ལྡིང་གྲོང་རྡལ་གྱི་རིམ་གསུམ་ལས་བྱེད་པའི་ཚོགས་འདུའི་ཁོར་ཡུག་འཕྲོད་བསྟེན་དཔྱད་བསྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།