ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : བསྟན་བློ།པད་ཆོས།   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

ཡན་ཅིན་ཧའེ་ཡིས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་གནང་བ་དང་ཁྲེན་ཡུང་ཆི་ཞུགས་པ།

◆ ཚད་མཐོའི་མཐོང་ཆེན་དང་། འཕྲལ་སྒྲུབ་མྱུར་ལན། འགན་འཁྲི་ནན་གཏོང་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཚན་རིག་དང་མཐུན་ཞིང་ཁྲིམས་ལྟར་དང་། གནད་སྨིན། ནུས་ཆེ་བཅས་ཀྱི་སྒོ་ནས་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཚེས་8ཉིན་གྱི་ཕྱི་དྲོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་གནང་བ་དང་། ཁྲེན་ཡུང་ཆི་དང་། དབང་ཧའེ་ཀྲོའུ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལུའོ་མེ། ཀྲང་ཧུང་པོ་བཅས་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་དང་དེ་བཞིན་གྲོང་ཁྱེར་དང་ས་ཁུལ་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་། མིག་སྔའི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད། ཞིབ་ཕྲའི་བྱ་ཐབས་ལ་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཝང་ཅུན་ཀྲེང་གིས་ད་ཐེངས་ཀྱི་རིམས་ནད་ནི་2020ལོ་ཚུན་དུ་རང་ལྗོངས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་གདགས་གཤིས་ནད་དཔེ་སླར་ཡང་ཐོན་པ་ཞིག་ཡིན་པས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འགྲན་སློང་ཧ་ཅང་ཆེན་པོ་ཞིག་འཕྲད་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་སྤྱི་ཡོངས་ཀྱི་ལྟ་བ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས། སྒྲིག་ལམ་གྱི་འདུ་ཤེས་བཅས་ལ་ཞིབ་དཔྱད་བྱེད་པ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། རིམས་ནད་མཆེད་ལམ་གཅོད་པ། རིམས་ནད་སྔ་ཙམ་མེད་པར་བཟོ་ཐུབ་པ་བཅས་བྱས་ཏེ་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གང་ཐུབ་གཏོང་དགོས་ཞེས་གསུངས་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)

ཝང་ཅུན་ཀྲེང་གིས། མཐའ་ཚད་ཀྱི་བསམ་ཕྱོགས་འཛུགས་པ་དང་། ལས་ཀའི་གཙོ་གནད་དམ་འཛིན་བྱེད་པ། མགྱོགས་མྱུར་དང་འཕྲལ་དུ་ཐག་གཅོད་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས། སྡུག་ཤོས་ཕྱོགས་སུ་བསམ་ཚོད་བྱེད་པ་དང་ལེགས་ཤོས་ཕྱོགས་སུ་འབད་བརྩོན་བྱེད་པ། འཚོལ་ཞིབ་གཏིང་ཟབ་དང་མཐར་ཕྱིན་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། ཁུངས་འདེད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། སྤྱི་བདེ་དང་། སྤྱི་པའི་འཕྲོད་བསྟེན། བཟོ་འཕྲིན་བཅས་ཀྱི་མཐུན་སྦྱོར་ནུས་པ་གང་ལེགས་འདོན་པ། མཉམ་འགུལ་ལ་ཤུགས་སྣོན་དང་རང་འགུལ་ངང་ཕར་རྒོལ་བྱེད་པ། རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་འདེད་ཀྱི་མྱུར་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དུས་ཚོད་ཐུང་ཤོས་ནང་ཉེན་ཁའི་གནས་ཚང་མ་རྙེད་ཐུབ་པ་དང་ཚོད་འཛིན་ཐུབ་པའི་བརྩོན་ལེན་བྱེད་དགོས། ཚན་རིག་དང་མཐུན་ཞིང་། ཁྲིམས་ལྟར་དང་། གནད་སྨིན། ནུས་ཆེ་བཅས་ཀྱི་ཐད་ལ་ཤུགས་སྣོན་ལྷོད་མེད་བརྒྱབ་སྟེ་ཚན་རིག་ལ་བརྩི་འཇོག་དང་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། བརྟག་དཔྱད་ས་ཚིགས་བཀོད་སྒྲིག་ལེགས་སུ་གཏོང་བ། གནས་རྒྱུད་ཁྱོན་གསུམ་ཟུང་འབྲེལ་བཅས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་ལས་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྔོན་འགོག་དང་། དོ་དམ་ཚོད་འཛིན། བརྟག་དཔྱད་སོགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་ལྷོད་མེད་བརྒྱབ་སྟེ་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཐད་ཁུག་གསང་སྟོང་གསུམ་མ་ལུས་པ་དང་། ལོགས་བཀར་གྱི་དོ་དམ་དང་ཚོད་འཛིན་གནད་ལ་འཁེལ་བ་བྱས་ཏེ་ཉེན་ཁ་སྣ་ཚོགས་ཐོན་བཟོ་ཡོད་དུས་ནས་མེད་པར་བཟོ་དགོས། ནད་གཞི་དྲག་སྐྱེད་ཡོང་བ་བྱེད་པ་དང་འདས་གྲོངས་ནད་དཔེ་མེད་པའི་ཐད་ཤུགས་སྣོན་ལྷོད་མེད་བརྒྱབ་སྟེ། རིམ་ཁག་སྨན་བཅོས་སྒྲིག་གཞིས“ཚེ་སྲོག་གོང་དུ་བཀུར་རྒྱུ”མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་སྨན་བཅོས་ཐོན་ཁུངས་སྐོང་འཐེན་གང་ལེགས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གཏན་འཁེལ་ནད་དཔེ་སྐྱོབ་བཅོས་བྱས་ཏེ་ནད་པ་སྔ་ཙམ་བདེ་ཐང་སླར་གསོ་ཐུབ་རྒྱུར་རོགས་རམ་བྱེད་དགོས། མཁོ་སྤྲོད་དང་འཁོར་རྒྱུག་འགན་ལེན་བྱེད་པའི་ཐད་ཤུགས་སྣོན་ལྷོད་མེད་བརྒྱབ་སྟེ། བཟའ་བཅའ་དང་། འབྲུ་སྣུམ། སྔོ་ཚལ་སོགས་འཚོ་བའི་དངོས་ཟོག་གྲབས་གསོག་བྱས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ“ཤ་ཚལ་སྒོང་གསུམ”དང“བཟའ་འབྲུ”མཁོ་སྤྲོད་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཐོག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། “དུས་ཐོག་ཤེས་རྟོགས་དང་། མགྱོགས་མྱུར་ཐག་གཅོད། གནད་སྨིན་དོ་དམ། སྐྱོབ་བཅོས་ནུས་ལྡན”བཅས་ཀྱི་ལས་ཀའི་བླང་བྱ་དང“སྔ་ཙམ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་སྙན་སེང་། སྔ་ཙམ་ལོགས་བཀར། སྔ་ཙམ་སྨན་བཅོས”བཅས་ཀྱི་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དང་། དངོས་པོ། ཁོར་ཡུག་བཅས་མཉམ་འགོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། སྐྱོན་ཆ་གནད་སྨིན་ངང་འཚོལ་བ་དང་། ཞན་ཆ་གང་མགྱོགས་སེལ་བ། ཕྱི་ནས་མི་འགོ་བའི་སྔོན་འགོག་དང་། ནང་དུ་བསྐྱར་ལོག་མི་ཡོང་བའི་སྔོན་འགོག ཕྱིར་མི་མཆེད་པ་སྔོན་འགོག་བཅས་བྱ་རྒྱུར་དམ་འཛིན་ནན་ཏན་དང་ཏན་ཏིག་བྱེད་དགོས། ཕྱི་ནས་མི་འགོ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནམ་ཐང་དང་། གྲུ་ཁ། མེ་འཁོར་བབས་ཚུགས། འགྲུལ་སྐྱེལ་བབས་ཚུགས། མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་དང་འཛུལ་སྒོ་སོགས་ལ་དམ་པོར་དམིགས་ནས། རང་འགུལ་ངང་གྲལ་བཤེར་དང་། དམིགས་སར་འབྱོར་མ་ཐག་ཉིང་སྐྱུར་བརྟག་དཔྱད། མགྱོགས་མྱུར་གཙང་སེལ། ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་མང་འདུ་འཛོམས་བྱ་ཡུལ་དུ“ཚ་བ་ལྟ་བ་དང་། ཨང་རྟགས་བཤེར་བ། ཞིབ་དཔྱད་ར་སྤྲོད། ཉིང་སྐྱུར་བརྟག་དཔྱད”སོགས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་མང་ཚོགས་ཚོས་རིམས་འགོག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། རིམས་འགོག་ཤེས་བྱ་ཁོང་དུ་ཆུད་པ་བྱེད་པ། རང་རྟོགས་ངང་རིམས་འགོག་བླང་བྱ་བརྩི་སྲུང་བྱེད་པ། རང་ངོས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་དམ་དུ་གཏོང་དགོས། འཕྲལ་སྡོམ་ནུས་པ་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་སྟོབས་ཤུགས་དང་དངོས་ཟོག་གལ་ཆེན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་། གསོ་སྦྱོང་དང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གྲ་སྒྲིག་བྱས་པ་སྤྱོད་རྒྱུ་མ་བྱུང་ཡང་སྤྱོད་རན་དུས་གྲ་སྒྲིག་མེད་པ་གཏན་ནས་བྱེད་མི་རུང་བའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། སྤྱི་ཡོངས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། རིམ་ཉུང་དོ་དམ་བྱེད་སྟངས་སྤྱོད་པ་བཅས་བྱས་ཏེ་གཏོགས་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི་འགན་འཁྲི་དམ་ནན་དུ་ཏན་ཏིག་གཏོང་དགོས། ལས་རིགས་ཁག་དང་སྡེ་ཚན་ཁག་གིས་སྔོན་འགོག་དང་ཚོད་འཛིན་བསམ་ཇུས་གཅིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་བྱས་ནས། ལས་རིགས་དེ་གའི་ཁྱད་ཆོས་དང་འཚམ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལག་རྩལ་གྱི་ཇུས་གཞི་བཟོ་བ་དང་། སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་ཏན་ཏིག་དང་ཞིབ་ཚགས་ངང་འཁྱོལ་བ་མཐའ་གཅིག་ཏུ་བྱེད་དགོས། ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“དགོས་པ་ལྔའི”བླང་བྱ་མཐའ་འཁྱོངས་ཀྱིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ཏེ་རིམས་ནད་མི་མཆེད་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ནད་ཡམས་ཚོད་འཛིན་མི་སྣ། སྤྱི་བདེ་མི་དམངས་ཉེན་རྟོག་པ། འཕྲལ་སྡོམ་རོགས་སྐྱོབ་མི་སྣ། གཞི་རིམ་ལས་བྱེད་པ་བཅས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས། རང་ངོས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག རང་འགན་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་ཀའི་སྒྲིག་ལམ་ནན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། འགན་འཁྲི་ཡག་པོ་མི་འཁུར་བ་དང་། ལས་ཀར་གོ་རིམ་མེད་པ། འཕེལ་རིམ་འགོར་བ་བཅས་ཀྱི་རྐྱེན་པས་རིམས་ནད་ཚོད་འཛིན་མ་ཐུབ་པ་བཟོས་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་སྤྱི་ཚོགས་ངོས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁུངས་བཙན་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་གནད་འཁེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་སློག་པ། གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་འབྲས་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།