ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ལྷ་སའི་གནའ་གྲོང་།

3.jpg

སྒྲོན་དཀར་དང་མོའི་བུ་མོ།

3.jpg

བོད་ལྗོངས་མངའ་ཁོངས་སུ་ཡོད་པའི་གཙོད།

3.jpg

མེ་ཏོག་རྫོང་གི་གཞུང་ལམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པར་ཞུགས་ནས་འབྲེལ་ཡོད་གསུང་བཤད་གལ་ཆེན་གནང་ཞིང་། བོད་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ་བོད་ལྗོངས་སུ་ཕེབས་ནས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོར་ཏང་ཀྲུང་དབྱང་གི་ཐུགས་ཁུར་བསྐྱལ་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་ཁག་བཞི་ལ་དམ་འཛིན་ཡག་པོ་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་པ”སོགས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་མཐུན་སྒྲིལ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་བཞིན་པའི་བགྲོད་ལམ་དུ་བསྐྱོད་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་དེ་སྲོག་རྩ་ལྟ་བུར་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་མཐའ་འཁྱོངས་དང་། གྲུབ་འབྲས་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་གསར་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད།

མིག་སྔར། བོད་ལྗོངས་ཀྱིས་སློབ་གྲྭར་མ་ཞུགས་གོང་གི་བྱིས་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ། གཞི་རིམ་རྩ་འཛུགས་བཅས་ཀྱི་ཁྲོད་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བཞིན་ཡོད་པ་མ་ཟད། སྤྱི་ཚོགས་ཐོག་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་ཀྱི་སློབ་གསོ། བོད་ལྗོངས་ཀྱི་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་བཅས་རྒྱ་ཁྱབ་ངང་སྤེལ་ནས། ཀྲུང་ཧྭ་མི་རིགས་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་མི་རིགས་སོ་སོའི་མང་ཚོགས་ཀྱི“ངོས་ལེན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

2018ལོའི་ཟླ3པར་སྒྲོལ་དཀར་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཚང་མར་ཡུལ་སྨད་ཤང་གི“འཆར་འགོད་རི་མོ”བསྟན་པ་དང་། ད་ལྟ་སྔོན་ཆད་ཀྱི“མི་གསུམ་གྱི་ཤང”དེ་དུད་ཚང67དང་མི200ལྷག་གི“འབྱོར་འབྲིང་ཤང”དུ་གྱུར་ཡོད་ལ། རྒྱ་རིགས་དང་བོད་རིགས་མང་ཚོགས་ཀྱིས་གནས་དེ་རུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་མཐའ་མཚམས་སྲུང་བཞིན་ཡོད་ཞེས་བཤད།

རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དེ་ནི་ལོ་བཅུའི་རིང་བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་གི་འཕེལ་རིམ་གསར་བ་ཞིག་ཡིན་ཞིང་། ལྷག་པ་ཚེ་རིང་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དིང་རི་དོ་དམ་ཡན་ལག་ཅུའུ་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་། ཁོང་གིས་སྔོན་ཆད་ཇོ་མོ་གླང་མའི་གད་སྙིགས་ལ་དོ་ཁུར་བྱེད་མཁན་ཧ་ཅང་ཉུང་ལ། ད་ལྟ་རིགས་སོ་སོའི་གཙང་སེལ་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་ཡོད་པ་དང་། རི་འཛེག་མཁན་ལས་ཐོན་པའི་བཙོག་ཆུ་དང་འཚོ་བའི་གད་སྙིགས་སོགས་རང་ས་ནས་གནོད་མེད་ཅན་དུ་བཟོས་ཏེ་ཆུའི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཐུབ་ཡོད་ཟེར།

ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཕུད། བོད་ལྗོངས་ཀྱིས་ད་དུང་བྱང་ཐང་དང་ཡར་ཀླུང་གཙང་པོའི་རོང་ཆེན་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ10དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ4། རྒྱལ་ཁབ་ས་གཤིས་སྤྱི་གླིང3། རྒྱལ་ཁབ་ནགས་ཚལ་སྤྱི་གླིང9། རྒྱལ་ཁབ་བརླན་སའི་སྤྱི་གླིང22སོགས་བསྐྲུན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི38.75%ཟིན་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི60.8ཟིན་ཡོད།

བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས། བྱེད་ཐབས་བཅས་རབ་དང་རིམ་པ་སྔ་རྗེས་སུ་ཡོངས་བསྒྲགས་བྱས་ཡོད།

2013ལོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་གཙོ་ཆེའི་དམིགས་ཚད་ཆེ་ཤོས་ཀྱི་གྲས་སུ་བརྩིས་ནས། བོད་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྲིད་གཞུང་ལ་སྲིད་སྐྱོང་གི་བྱས་རྗེས་དཔྱད་ཞིབ་བྱས་པ་རེད།

2017ལོར། 《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་འགན་འཁྲི་བདའ་འདེད་ཀྱི་ལག་བསྟར་ཞིབ་སྲོལ》བཏོན་ནས་ལག་བསྟར་བྱས་པ་རེད།

2021ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ཡོད་དགོས་ལ། ཚང་མར་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་པ་ཡོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

2013ལོའི་ཟླ10བའི་ཚེས31ཉིན། རིང་ཚད་ལ་བསྡོམས་པས་སྤྱི་ལེ117ཡོད་པའི་མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་ནས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་རྗེས་མ་དེར་གསོན་ཤུགས་གསར་བ་བསྣན་ཡོད།

2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་རྫོང་དང་ཆུས་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་ནས། མི་འབོར་དབུལ་པོ་ཁྲི62ཚང་མ་དབུལ་ཐར་བྱུང་ཡོད། ད་ལྟ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བཞིན་ཡོད།

ལོ་བཅུ་ཡི་རིང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་བསྐྱོད་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31ལ་ཁྱོན་ཡོངས་ནས་ཁྱབ་པ་མངོན་འགྱུར་བྱུང་ཞིང་། མཚོ་བོད་དང་། ཁྲོན་བོད། བོད་དབུས་གློག་ཤུགས་དྲ་སྦྲེལ་ལས་གཞི་བསྐྲུན་ནས་གློག་དྲ་གཙོ་བོ་རྫོང་མཁར་དང་ཤང་གྲོང་གཙོ་བོར་ཁྱབ་ཡོད་ལ། སྒྲིག་གཞི་ཚང་བའི་གྲོང་ཚོར་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་པ་དང་། 4Gབརྡ་རྟགས་ཁྱབ་ཚད99%ཟིན་པ་བཅས་ཀྱིས་ས་མཐོའི་མི་རྣམས་ལ་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་སྐར་ཁུང་ཞིག་བཏོད་ཡོད།

མང་ཚོགས་ཀྱི་འབབ་འཕར་ཐད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར18362ནས་སྒོར46503བར་མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར5698ནས་སྒོར16935བར་མཐོ་རུ་ཕྱིན་ཡོད།

སློབ་གསོའི་བྱ་གཞག་ཐད། 2012ལོ་ནས2021ལོ་བར་རྒྱལ་ཁབ་ཀྱིས་བསྡོམས་པས་བོད་ལྗོངས་ལ་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར2153.92བཏང་ཡོད། བོད་ལྗོངས་སུ་སློབ་སྔོན་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་དེང་རབས་སློབ་གསོ་ཚུད་པའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་བགྲོད་ལམ་བརྒྱུད། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོས་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཕྱར་བ་གྲུ་འདེགས་དང་ལག་གདང་མཉམ་སྦྲེལ་གྱིས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།