མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་ནུས་གཅིག་སྒྲིལ་འཕེལ་རྒྱས་དོན་གཉེར་བྱེད།

—— འཕྱོངས་རྒྱས་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་བཏོད་པའི་སྐོར་གྱི་སྒྲིལ་གླེང་།

འཕྱོངས་རྒྱས་ལ“སྤུར་རྒྱལ་བཙན་པོའི་ཕ་ས”ཞེས་འབོད་སྲོལ་ཡོད། གྱ་གྱུར་བཞུར་བཞིན་པའི་འཕྱོངས་རྒྱས་ཆུ་བོས་ལོ་ངོ་1300ལྷག་ཙམ་གྱི་གོང་ནས་འུན་ཤིང་ཀོང་ཇོ་དང་བཙན་པོ་སྲོང་བཙན་སྒམ་པོ་རྣམ་གཉིས་ཀྱིས་ཡར་ཀླུང་ལུང་གཞུང་དུ་བྲིས་པའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་རྒྱུས་གླེང་བཞིན་མཆིས། ཁོངས་གཏོགས་ཁུལ་གྱི་སྤྱི་ལེ་ངོས་གྲུ་1030ཡི་སར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། དབྱིས་རིགས། མོན་པ་རིགས་སོགས་མི་རིགས་14ཡི་མི་འབོར་ཁྲི་1.5ཙམ་འཚོ་བ་སྐྱེལ་བཞིན་ཡོད། འཕྱོངས་རྒྱས་ཀྱི་ཁྲོམ་གཞུང་དང་སྲང་ལམ་གང་ས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་མཐོང་རྒྱུ་ཡོད།

“འགན་ལེན་གཉིས”ལ་ཤུགས་བརྒྱབ་ནས་བརྩེ་བ་ཟབ་མོས་རྣམ་པ་གསར་པ་བཏོད་པ།

“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ངེས་པར་དུ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས”ཞེས་པ་ནི་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་ཚན་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཞིག་རེད།

ཐུན་མོང་ངོས་འཛིན་དེའི་འོག་འཕྱོངས་རྒྱས་རྫོང་གིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དེ“འགོ་ཁྲིད་ཨང་དང་པོའི་འདུ་འགོད”ལ་བརྩིས་ནས་སྔོན་ལ་ལག་བསྟར་དང་། ཚད་གཞི་མཐོ་པོས་སྐུལ་འདེད། ས་ཁོངས་ཧྲིལ་པོ་འཕེལ་རྒྱས། གསར་གཏོད་དང་འཚོལ་ཞིབ་བཅས་ཀྱི་མགྱོགས་ལམ་ཐོག་བསྐྱོད་ཡོད།

འཕྱོངས་རྒྱས་རྫོང་གིས་སྔ་རྗེས་སུ《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་འཛུགས་གཏོད་ཀྱི་ལག་བསྟར་ཇུས་གཞི》དང《མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་རྫོང་འཛུགས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བཏོན་པ་མ་ཟད་དོན་འཁྱོལ་བྱས་པ་དང་། “ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། ཀྲི་པུའུ་ཆ་སྒྲིག མང་ཚོགས་དང་གཉེན་ཉེ་སྒྲིག་པ”བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། འཕྱོངས་རྒྱས་ཀྱི་ས་གཞི་ཆེ་མོར་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གྱི་ཚ་རླབས་འཕྱུར་ཡོད།

འཛུགས་གཏོད་ལས་དོན་སྤེལ་ཚུན། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་ལས་དོན་སྙན་སེང་ཐེངས་30ཉན་པ་དང་ནོར་སྲིད་མ་དངུལ་སྒོར་ཁྲི་300བཏང་ཡོད། ད་ཆ་འཕྱོངས་རྒྱས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཐད་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་མཉམ་ལས། སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་མངོན་གྱི་ཡོད།

“ཁྲིད་སྟོན་གསུམ”ལ་བརྟེན་ནས་གང་སར་གྲུབ་འབྲས་ཐོབ་པར་བྱས་པ།

འཕྱོངས་རྒྱས་རྫོང་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ལག་ལེན་གྱི་ཁྲིད་སྟོན། དཔེ་མཚོན་གྱི་ཁྲིད་སྟོན་བཅས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཞུགས་མོལ་ཚོགས་འདུ་སོགས་ལས་དོན“ཁག་བཅོ་ལྔ”ཞིབ་ཕྲའི་གཞི་རྟེན་དུ་བྱས་ཏེ“སློབ་སྦྱོང་བཅུ”ལག་བསྟར་ཞིབ་ཚགས་དང་། “མངོན་གསལ་དོད་པ་དྲུག”ལ་སྣང་ཆེན། “གནད་འཁེལ་བཞི”འགན་ལེན། “ཕན་འབྲས་གཉིས”བརྩོན་ལེན་བཅས་བྱས་པ་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི“ཁྱབ་གདལ་དགུའི”བྱེད་སྒོར་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། སྤྱི་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མ་ལུས་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་གཡུལ་ས་སྔར་བས་བརྟན་དུ་བཏང་བ་རེད།

མིག་སྔའི་བར། འཕྱོངས་རྒྱས་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་1.58སྒྲིག་འཛུགས་བྱས་ནས་སྤེལ་བར་མི་ཐེངས་ཁྲི་10.54ལྷག་ཙམ་ཞུགས་པ་དང་། ཏང་ཕྱིའི་མི་སྣར་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་ཐེངས་8བྱས་པར་མི་ཐེངས་1200ཞུགས་པ། གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་པའི་དཔུང་ཁག་གིས་སྒྲོག་འགྲེལ་ཐེངས་50བྱས་པར་མི་ཐེངས་ཁྲི་4.8ཞུགས་པ། མ་དངུལ་སྒོར་ཁྲི་117བཏང་ནས《མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་འཕྱོངས་རྒྱས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་འཛུགས་གཏོད་ལས་དོན་གྱི་གྲུབ་འབྲས་ཀྱི་ཆེད་དོན་པར་གཞི་པར་ལེན་བྱས་པ། ཆང་ཁྱིམ་གྲོང་ཚོ་སོགས་མི་རིགས་མཐུན་སྒྲིལ་གྱི་ཁྱད་ལྡན་དཔེ་སྟོན་ས་ཚིགས་10བཏོད་པ། སུན་གོ་ཤིང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་པ་13བདམས་ནས“རྒྱ་བོད་མི་རིགས་དབར་གྱི་བརྩེ་སེམས”ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཞབས་བྲོ་གསར་རྩོམ་བྱས་ནས་རྫོང་ཁོངས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་30བྱས་པ། མ་དངུལ་སྒོར་ཁྲི་60བཏང་ནས“མི་རིགས་མཐུན་སྒྲིལ”གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་བཏོད་པ། དབུལ་སྒྲོལ་འགག་སྒྲོལ་དང“གཟི་བརྗིད་བྱ་གཞག”ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་191.47བཏང་བ། སྨྱན་སྦྱོར་གྱི་ལས་སྟེགས་སྣ་ཚོགས་བརྒྱུད“དམངས་ཆེད་དམངས་གཅེས་ཀྱི་ཀྲུང་གོའི་མི་བཟང”ཞེས་པ་སོགས་ཀྱི་དཔེ་མཚོན་བྱས་རྗེས་མཚོན་པའི་རྩོམ་ཡིག་20དྲིལ་བསྒྲགས་བྱས་པ་རེད།

“མཉམ་འདྲེས་བཞི”ལ་བརྟེན་ནས་ནུས་པ་ཆེར་གཏོང་དང་ཤེས་སྦྱོར་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱས་པ།

ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་ལ་སྔ་རྗེས་སུ་2017ལོའི་རྒྱལ་ཁབ་རིམ་པའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྫོང་དང་རང་སྐྱོང་ལྗོངས་རིམ་པའི་ནས་ཐོན་འཕར་གྱི་སྔོན་ཐོན་རྫོང་དང་། 2018ལོར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་། 2019ལོར“བཟང་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་འཛུགས་གསར་གཏོད་བྱ་དགའ། 2021ལོར་རང་སྐྱོང་ལྗོངས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་། ཁག་གཉིས་པའི་རྒྱལ་ཡོངས་ཀྱི་ཆུ་མཛོད་ཆུང་གྲས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་གི་དཔེ་སྟོན་རྫོང་བཅས་ཀྱི་མཚན་སྙན་ཐོབ་ནས། གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་པ་རེད།

“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། འཕྱོངས་རྒྱས་རྫོང་གིས་མ་དངུལ་སྒོར་ཁྲི་657བསྡུ་སྒྲིལ་བྱས་ནས“དམངས་འཚོའི་བྱ་བ་དངོས་ཁག་བཅུ”བསྒྲུབས་ཏེ་མང་ཚོགས་ཚོའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། སྨན་བཅོས་བྱ་གཞག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། རིག་གནས་དམངས་ཕན་གྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ། “100%ལྔའི”གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བོད་སྐྱོར་སློབ་སྐྱོར་གྱི་གྲུབ་འབྲས་མངོན་གསལ་དོད་པ། དུས་བདེ་དང་ཁྲིམས་སྐྱོང་གཉིས་ཀར་ཕན་འབྲས་ཐོན་པ། སྤུས་ལེགས་ཞབས་ཞུ་དེ་བས་སྟབས་བདེ་ཡོང་བ་བཅས་བྱས་ཡོད་པ་རེད།

འཕྱོངས་རྒྱས་རྫོང་ལ“ལྗོངས་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ”དང་། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་ལ་ཐེངས་བཞི་བསྟུད་མར་བདམས་པ། རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་གྱི་བྱ་དགའ་མཐོ་ཤོས“ཁྲང་ཨན་བུམ་པ”ཐེངས་གཉིས་ཐོབ་པ་སོགས་གཟི་བརྗིད་མཚན་སྙན་འདི་དག་ལས་རྫོང་དེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཇེ་ལེགས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་མངོན་བཞིན་མཆིས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།