ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་ལོ་བཅུ་པོ་འདི·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

14501ee4-8aa7-4670-a43a-b43b2cafc860.jpg

ཟླ་8ཚེས་2ཉིན་གྱི་སྔ་དྲོ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་ལོ་བཅུ་པོ་འདི·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཡོངས་བསྒྲགས་གཙོ་བོ་གནང་བ་དང་འབྲེལ་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་སྐྱོན་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་2ཉིན་གྱི་སྔ་དྲོ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་ལོ་བཅུ་པོ་འདི·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཡོངས་བསྒྲགས་གཙོ་བོ་གནང་བ་དང་འབྲེལ་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་དྲི་བར་ལན་བསྐྱོན་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ཏེ་སྨྱན་སྦྱོར་གྱི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་པོས་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། འདས་ཟིན་པའི་ལོ་བཅུ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱེད་པའི་ལོ་བཅུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ། “དོན་ཆེན་བཞི”ལ་དམ་པོར་དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་བཅུ་པོ་དེའི་རིང་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་ཆབ་སྲིད་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་། མི་དམངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”བཀོད་སྒྲིག་ལག་བསྟར་བྱས་ནས་མངོན་ཡོད་དང་། ཚོར་ལྡན། ནུས་ལྡན་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རང་རྟོགས་ངང་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་ཀྱི་སྔོན་ཐོན་གྲྭ་བཙུན་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་བཅུ་པོ་དེའི་རིང་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་རྩ་དོན་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་མགྱོགས་མྱུར་ཆགས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ་བཅས་བྱེད་པ་དང་། “དམངས་འཚོ་ཆེན་པོ་བཅུའི”འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་ཡོད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་བཅུ་པོ་དེའི་རིང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་སྐྱེ་ཁམས་དམངས་ཕན་དང་། དམངས་བདེ། དམངས་ཕྱུག་བཅས་བྱུང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རི་ཆུ་ནགས་གསུམ་དང་། ཞིང་ཁ་དང་མཚོ། རྩྭ། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱེད་པར་སྤྱི་འདོམས་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་དམངས་ཕན་ནུས་ཆེ་དང་ནུས་ལྡན། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་སྤེལ་བ་བཅས་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པ་བྱེད་པའི་ལག་བསྟར་བསམ་འཆར་བཏོན་པ་དང་ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཡན་ཟིན་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་60.8ཟིན་པ་དང་50.6%ཟིན་པའི་ས་ཁོངས་སྲུང་སྐྱོང་ནན་ཤོས་ཀྱི་ཁྱབ་ཁོངས་ནང་བཅུག་པ་བཅས་བྱས་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་བཅུ་པོ་དེའི་རིང་བོད་ཀྱི་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་བྱུང་ཡོད། མཐའ་བརྟན་གྱི་འཕྲལ་མཁོ་དང་མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་ཐག་གཅོད་བྱ་རྒྱུ་དེ་འཇུག་གཞི་དང་ཚད་བརྒལ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་ཡུལ་མི་མི་རེའི་ཆ་སྙོམས་ཁ་གསབ་རོགས་སྐྱོར་ཚད་གཞི་སྒོར་ཁྲི་1.26བར་མཐོ་རུ་བཏང་ཡོད། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ“ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་བཅུ་པོ་དེའི་རིང་བོད་ཀྱི་ཏང་འཛུགས་སྐྱོང་ཐད་རྣམ་པ་གསར་པ་བཏོད་པ་དང་གཞི་རིམ་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ཤུགས་ཆེར་བཏང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་སྤེལ་ཏན་ཏིག་བཏང་བ། ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། “མང་ཚོགས་ལམ་ཕྱོགས”དང་། “ནན་གསུམ་དྲང་གསུམ” “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག” “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ” ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ལྷག་པར་དུ་བཞིའི”བླང་བྱ་མཐའ་འཁྱོངས་ཀྱིས་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་དང་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།

ཝང་ཅུན་ཀྲེང་གིས་གསུངས་དོན། བོད་དུ་ལོ་བཅུའི་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བསྡུས་རིས་ཤིག་ཡིན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་ལ་རླབས་ཆེན་གང་ལེགས་མངོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་གང་ལེགས་མངོན་པ། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པ་ར་སྤྲོད་གང་ལེགས་བྱུང་བ་བཅས་རེད། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ཚེ་བོད་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད།

ཝང་ཅུན་ཀྲེང་གིས་གསུངས་དོན། རྒྱང་ལམ་གསར་པའི་ཐོག་ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས“དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ། འགན་འཁྲི་གཙང་སྒྲུབ་དང་ལས་ཀར་ཧུར་བརྩོན་བཅས་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

ད་ཐེངས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྨྱན་སྦྱོར་གསར་འགོད་པས་རང་སྐྱོང་ལྗོངས་ཀྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་ལས་དོན་གྱི་འཕེལ་རིམ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སློབ་གསོ་དང་སྨན་བཅོས་བྱ་གཞག་འཕེལ་རྒྱས། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་དྲི་བ་ཧུར་ཐག་བཏོན་པ་རེད། ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་གྲངས་གཞི་བདེན་པ་བདེན་ཐུབ་དང་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། རྒྱང་ལམ་གསར་པར་མུ་མཐུད་འབད་འཐབ་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དཔལ་འབྱོར་ཉིན་རེའི་ཚགས་པར། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་30ཙམ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།