ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས“བརྒྱད་གཅིག”གོང་དུ་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་དང་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ལ་འཚམས་འདྲི་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3e241cc0-726d-45ce-b636-072fe57298a4.jpg

ཟླ་7ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་བཅས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བོད་སྡོད་དཔུང་སྡེ་ཞིག་ཏུ་དཔོན་དམག་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

6b2f49ed-47e0-4194-ad6c-280f5713f247.jpg

ཟླ་7ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་བཅས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་འཐབ་འཛིང་པ་རྒན་གྲས་ཆི་ཨའེ་མིང་ལ་འཚམས་འདྲི་གནང་བ་དང་འབྲེལ་ཁོང་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བརྒྱད་གཅིག”དམག་བཙུགས་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་བཅས་ལ་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ཤིང་། ཁོང་གིས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམག་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཝང་ཁའེ། ཡིང་ཧུང་ཤིང་། ལིའུ་ཅང་། ཟླ་བ་ཚེ་རིང་། ཀྲོའུ་ཅན་ཤིང་། ཏིང་ཡེ་ཤན། ཀྲང་ཧུང་པོ། དབྱང་མོང་། ཕེང་ཅུན་ཞ་བཅས་ཞུགས་ཡོད་པ་རེད།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཅིག་ཏུ་ཝང་ཅུན་ཀྲེང་གིས་འཐབ་འཛིང་པ་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། གོ་མཚོན་སྒྲིག་སྦྱོར་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། འཚོ་བ་དང་། སློབ་སྦྱོང་། སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་རྒྱ་ཆེའི་བཀོད་འཐབ་པ་ཚོས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་མཉམ་དུ་མེས་རྒྱལ་གྱི་མཐའ་མཚམས་སྲུང་གི་ཡོད། ཁྱེད་ཚོས་མུ་མཐུད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད། འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་དེ་དམ་པོར་འཛིན་པ་དང་། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་གི་སྟོབས་ཤུགས་དང་འཐབ་འཛིང་གི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། དཔུང་སྡེས་འགན་འཁྲི་འཁུར་བ་དང་ལས་འགན་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་བཅས་བྱས་ཏེ་མཐའ་སྲུང་རྒྱལ་སྲུང་དང་། བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྲུང་སྐྱོང་། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་རྨང་གཞི་བརྟན་པོ་དང་སྲུང་དམག་རྣམ་དག་ཅིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལོ་88ལ་སླེབས་པའི་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་འཐབ་འཛིང་པ་རྒན་གྲས་ཆི་ཨའེ་མིང་སྙིང་སྟོབས་རབ་ཏུ་འཕེལ་ལ་དམག་མིའི་ཉམས་བཟང་སྔར་བཞིན་མངོན་ཡོད། བགྲེས་སོང་གི་ཁྱིམ་དུ་ཕེབས་པ་དང་བགྲེས་སོང་གིས་དམག་མིའི་འཚོ་བ་ཕྱིར་དྲན་བྱེད་པ་གསན་རྗེས་ཝང་ཅུན་ཀྲེང་གིས་བགྲེས་སོང་ནད་མེད་ཚེ་རིང་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུའི་སྨོན་འདུན་ཞུས་ཤིང་། ཁོང་གིས་ཆི་ཨའེ་མིང་སོགས་བློ་མཐུན་རྒན་གྲས་ཚོས་བོད་ཀྱི་དར་རྒྱས་གོང་འཕེལ་ལ་དངོས་སུ་བདེན་དཔང་གནང་ཡོད་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས། ཁོང་རྣམ་པས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། ཁོང་གིས་འབྲེལ་ཡོད་ཚན་པར་རྒྱལ་སྲུང་བྱ་གཞག་ཆེད་ལེགས་སྐྱེས་འབུལ་མཁན་གསར་བརྗེའི་དམག་མི་རྒན་གྲས་ལ་ཐུགས་ཁུར་དང་ལྟ་རྟོག་ཡག་པོ་བྱས་ཏེ། ཞབས་ཞུ་དང་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་དཔའ་བོའི་དཔུང་སྡེ་ཞིག་རེད། དུས་ཡུན་རིང་པོའི་ནང་། རྒྱ་ཆེའི་བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། མི་དམངས་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བཅའ་སྡོད་བྱ་ཡུལ་ཕ་ཡུལ་ལ་བརྩི་བ། མི་དམངས་རང་གི་གཉེན་ཉེར་བརྩི་བ། མཐའ་མཚམས་བརྟན་སྲུང་དང་། བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད། ཉེན་སེལ་རོགས་སྐྱོབ། དབུལ་སྐྱོར་དཀའ་སེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན། ས་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་སོགས་ཀྱི་ལས་དོན་ཁྲོད་གདོང་མཆོང་བྱེད་པ་དང་ལས་འགན་ལྕི་པོ་འཁུར་ཕོད་པར་བྱས་ཏེ་དཔའ་ངར་ཞུམ་མེད་དང་། གང་ལའང་མི་སྐྲག་པའི་འཐབ་འཛིང་གི་སྤྱོད་ཚུལ་དང་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་འཐབ་འཛིང་གི་སྙིང་སྟོབས་མངོན་ཡོད། བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བྱེད་ཆོག་པ་དང་། སྤྱོད་གོ་ཆོད་པ། བློས་འགེལ་ཆོག་པ་བཅས་དང་ཚོད་བགམ་ནན་པོ་སྣ་ཚོགས་ཐེག་ཐུབ་པའི་དཔའ་བོའི་དཔུང་སྡེ་དང་ཞུམ་མེད་འཐབ་འཛིང་གི་མཉམ་སྡེབ་ཅིག་རེད། བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་དང་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་པའི་འགན་ལེན་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། རྒྱལ་ཁ་ལེན་ཐུབ་པ་དང་དམག་སྦྱོང་དམག་གྲབས་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ཏེ་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱས་ནས། རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་རིམ་པ་ཁག་དང་སྡེ་ཚན་ཁག་གི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྱུར་བཅོས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཆེན་པོར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་སེམས་ནུས་ཡོད་རྒུས་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་གནད་དོན་དངོས་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱས་ནས། དམག་དཔུང་དང་ས་གནས་དབར་གྱི“སེམས་འབྲེལ་ཟམ་པ”ཡག་པོ་འཛུགས་པ་དང་། དཔུང་སྡེའི“འགན་སྲུང་པུའུ”ཡག་པོ་བྱེད་པ། གཉིས་བཀུར་གྱི“དྲོ་སྐྱིད་ལྡན་པའི་བྱ་བ”ཡག་པོ་སྒྲུབ་པ། དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བཅས་བྱས་ཏེ། དམག་དཔུང་དང་ས་གནས་མཉམ་ཤུགས་འགྲིལ་བ་དང་དམག་དམངས་སེམས་པ་གཅིག་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

འཚམས་འདྲི་གནང་རིང་། རྒྱ་ཆེའི་དཔོན་དམག་ཚོས་བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དེ་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་དཔུང་སྡེ་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། འཇོན་ཐང་ཡག་པོ་སྦྱོང་བ། དམག་དཔུང་དང་ས་གནས་མཉམ་ལས་དམ་ཟབ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་ཡག་པོ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སླར་ཡང་ལེགས་སྐྱེས་གསར་པ་ཕུལ་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཡི་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།