ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་དམ་པོར་དམིགས་ནས། ཕུལ་བྱུང་ལས་བྱེད་པ་གྲོང་གསེབ་དར་སྤེལ་གྱི་འཐབ་ས་དང་པོའི་ལས་གནས་སུ་མངགས་གཏོང་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་གར་སྟེགས་སུ་བརྩིས་ནས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གིས་བཙུགས་ཡོད།
རྫོང་(ཆུས)གི“བཀོད་འདོམས་པུའུ”སྟོབས་ཆེར་བཏང་བ། རྫོང་(ཆུས)གི་སྐབས་བརྗེའི་ཁྲོད《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མགོ་ཁྲིད་ཚན་པའི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། འཆར་གཞི་ཡག་པོ་འགོད་པ་དང་། ལས་བྱེད་པ་ཡག་པོ་འདེམས་པ། ཚན་ཁག་ཡག་པོ་སྡེབ་སྒྲིག སྟོན་ཕྱོགས་ཡག་པོ་འཛུགས་པ། རྣམ་པ་ཡག་པོ་ཆགས་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་། ཕྱོགས་གང་ཅིའི་བསམ་འཆར་ལ་ཉན་འཇོག་གང་ལེགས་དང་། འབྲེལ་མཐུད་དང་གླེང་མོལ་ཡང་ཡང་བྱེད་པ། ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་དང་བརྡར་གཅོད་བཅས་བྱས་པའི་རྨང་གཞིའི་ཐོག དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དགོས་མཁོར་རྐང་ཚུགས་པ་དང་། “ཞིང་གསུམ”ལས་བྱེད་པའི་དཔུང་སྡེ་ལེགས་འདེམས་ཧྲག་སྒྲིག་བྱ་རྒྱུར་དམིགས་ཏེ། “ཞིང་གསུམ”གྱི་ལས་ཀར་རྒྱུས་མངའ་ཡོད་པའི་རྫོང་(ཆུས)གི་མགོ་ཁྲིད་ཚན་པའི་ཁོངས་མི101འདེམས་བསྐོ་བྱས་ནས། རྫོང་(ཆུས)གི“བཀོད་འདོམས་པུའུ”སྟོབས་ཆེར་བཏང་།
“བཀོད་འཐབ་པ”ལེགས་འདེམས་ཧྲག་སྒྲིག་བྱས་པ། ཤང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་པའི་སྐབས་བརྗེའི་གྲུབ་ཆའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན262ལེགས་འདེམས་ཧྲག་སྒྲིག་བྱས་པ་དང་། གྲོང་གསེབ་དར་སྤེལ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་ལ་རྒྱུས་མངའ་ཡོད་པའི་ལས་བྱེད་པ513ཤང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་པའི་ནང་བདམས་ནས། ཞིང་ལས་ཤེས་པ་དང་། ཞིང་སྡེར་དགའ་བ། ཞིང་པ་ལ་དགའ་བའི་ཕུལ་བྱུང་ལས་བྱེད་པ་ཤང་དང་གྲོང་རྡལ་དུ་མངགས་ནས་གོ་གནས་འཁུར་དུ་བཅུག་པ། དེ་དང་ཆབས་ཅིག གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ནས་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ19ཤང་གྲོང་དུ་མངགས་གཏོང་བྱས་ནས་ལས་ཀ་སྒྲུབ་པ། གཞན་ཡང་། དུས་ཡུན་རིང་པོའི་ནང་གཞི་རིམ་དུ་སྦྱོང་བརྡར་ཏན་ཏིག་ཐེབས་པའི་འཇོ་མདའ་རྫོང་གི་ཤང་ཀྲང2རྫོང་གཞན་དག་ཏུ་ཤང་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་རྒྱུར་སྤེལ་རེས་བྱས་ཏེ། གྲོང་གསེབ་དར་སྤེལ་ལས་དོན་གྱི་འཐབ་ས་དང་པོའི“བཀོད་འཐབ་པ”སྟོབས་ཆེར་བཏང་ཡོད།
“གདོང་མཆོང་པ”དགོས་མཁོ་ལྟར་མངགས་གཏོང་བྱས་པ། གནད་འཁེལ་སྒོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་ལས་དོན་འཚོལ་ཞིབ་བྱས་ནས། དཔལ་འབྱོར་སྡེ་ཁག“ཉམས་ཞན་གྲོང་ཚོར”སྡོད་པ་དང་ཏང་དམངས་སྡེ་ཁག“མཉེན་པའི་གྲོང་ཚོར”སྡོད་པའི་རྩ་དོན་ལྟར། ཉེ་བའི་ལོ་གཉིས་ནང་། གྲོང་ཁྱེར(རྫོང)ཐད་གཏོགས་སྡེ་ཚན་ནས་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ219གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དུ་གནད་འཁེལ་ངང་འདེམས་གཏོང་བྱས་པ་དང་། ས་གནས་ཁག་གིས་རུ་དཔོན་བཀོད་སྒྲིག་བྱས་ཏེ་ལས་རིགས་དང་ཁྱབ་ཁོངས་མི་འདྲ་བའི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས།བརྟན་ལྷིང་སྲུང་སྐྱོང་དང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་བརྟན་དང་མཐའ་མཚམས་སྟོབས་ལྡན་དུ་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་དང་འཐབ་རྩོད་གལ་ཆེན་ཁྲོད“གདོང་མཆོང་དཔུང་གཏོར”བྱས་ཤིང་། མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་དང་། དོན་བཟང་། སྒྲུབ་དཀའ་བའི་དོན་དག་སྐོར་ཞིག་བསྒྲུབས་ཏེ། གྲོང་ཚོའི་བཅའ་སྡོད་ལས་དོན་དེ་དངོས་དོན་སྒྲུབ་པ་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། “སྣེ་ཁྲིད་ཀྱི་ཕན་འབྲས”ལེགས་པོ་ཞིག་ཆགས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་གྱི“དཔུང་སྡེ་གསུམ”སྟོབས་ལྡན་དུ་བཏང་བ།