ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་གཞིས་ཀ་རྩེའི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར69.84ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་ཚོང་དོན་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ1པོ་ནས5པའི་བར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར56.47མངོན་འགྱུར་བྱུང་བ་དང་དུས་མཉམ་ལས0.84%འཕར་ཏེ། རང་སྐྱོང་ལྗོངས་ཀྱིས་འོག་རིམ་ལ་སྤྲད་པའི་དམིགས་ཚད་ལས་འགན་གྱི34%ལེགས་འགྲུབ་ཟིན་པ་དང་། ཟླ1པོ་ནས6པའི་བར་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར69.84མངོན་འགྱུར་བྱུང་ནས་དུས་མཉམ་ལས5.01%འཕར་ཡོད། 

ད་ལོ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་འཛད་སྤྱོད་སྐུལ་འདེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། གཞིས་ཀ་རྩེ་གྲོང་ཁྱེར་ནོར་སྲིད་ཀྱིས་སྒོར་ཁྲི1500བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་སྒོ་རྩིས་ཁང་དང་བཟའ་བཏུང་། རླངས་འཁོར། ཁྱིམ་སྤྱོད་གློག་ཆས། ས་གཞིས་ཐོན་རྫས་སོགས་ཁྱབ་ཁོངས5རུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་ཟླ་དང་པོའི་ཟླ་དཀྱིལ་དུ་སྤེལ་མགོ་ཚུགས་ཤིང་དུས་མཚམས་དང་པོའི་བྱ་འགུལ་མཇུག་འགྲིལ་ཡོད། བྱ་འགུལ་སྤེལ་པའི་སྐབས་སུ་མ་དངུལ་སྒོར་ཁྲི1052བེད་སྤྱོད་བྱས་ནས་འཛད་སྤྱོད་འཛིན་ཤོག66000འགྲེམ་གཏོང་བྱས་པ་དང་། འཛད་སྤྱོད་འཛིན་ཤོག28097བེད་སྤྱོད་བཏང་ལ། རླངས་འཁོར1344ཕྱིར་འཚོང་བྱས་ནས་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར2.1སླེབས་ཡོད། མིག་སྔར། རེས་སྐོར་དང་པོའི་ལྷག་སྒོར་ཁྲི447.94སྤྱད་དེ་མུ་མཐུད་དུ་རེས་སྐོར་གཉིས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ2022ལོའི་ཟླ6པའི་ཚེས25ཉིན་དངོས་སུ་སྤེལ་མགོ་ཚུགས་ཤིང་། ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྗེས་མར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྲིད་གཞུང་གི་ཁ་གསབ་བྱེད་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་མུ་མཐུད་དུ་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་བགོ་འགྲེམས་བྱས་པའི་སྒོར་ཁྲི1500རྨང་གཞིའི་ཐོག གཞིས་ཀ་རྩེའི་གྲོང་ཁྱེར་གྱི་ནོར་སྲིད་ཀྱིས་སྒོར་ཁྲི1547.94བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱིར་བཏོན་ནས། འཛད་སྤྱོད་སླར་གསོ་དང་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ་དང་། དེ་དང་ཆབས་ཅིག རིམས་ནད་འགོག་སྡོམ་གྱི་ལས་དོན་ལེགས་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁེ་ལས་དག་རིགས་སོ་སོའི་ཐོན་ལས་འགྲེམ་འཚོང་ཚོགས་འདུ་དང་དངོས་ཟོག་བརྗེ་རེས་ཚོགས་འདུར་ཞུགས་པའི་ཧུར་ཐག་རང་བཞིན་ལ་སྐུལ་སློང་བྱས་ནས། ཕྱིར་འཚོང་ཁེ་ལས་ཀྱིས་ལག་རྟགས་སྤྲོད་པ་དང་། དངུལ་ཆག་ཡང་གཏོང་བ། རིན་གོང་གཅོག་པ། བྱ་དགའ་ལེན་པའི་མཉམ་འགུལ། རླངས་འཁོར་ཉོ་བའི་གཟིགས་སྐྱོང་སོགས་ཀྱི་བྱ་འགུལ་སྤེལ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་རྒྱུན་མཐུད་སྒོས་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཞིང་། སྤྱི་ཚོགས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཆེད་ལས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་ཕན་ཚུན་ཟུང་འབྲེལ་དང་། སྲིད་གཞུང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཁེ་ལས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་སྣ་མང་ཅན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་ལག་མགྱོགས་མྱུར་གྱིས་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།