ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་འཁྱགས་རོམ་དང་། གངས་རི། ས་མཐོའི་སྐྱེ་ཁམས་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཁྱགས་རོམ་དང་གངས་རི་ནི་གངས་ལྗོངས་ས་མཐོའི་ཡུལ་ལྗོངས་མཛེས་ཤོས་ཤིག་རེད་ལ། རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་འཁྱགས་རོམ་དང་གངས་རིར་སྲུང་སྐྱོང་བྱེད་པའི་ལས་དོན་ཤུགས་ཆེན་སྤེལ་ཏེ་སྔར་བས་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་གངས་ལྗོངས་ས་མཐོ་སྲུང་སྐྱོང་བྱ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།

འཁྱགས་རོམ་དང་གངས་རི། ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ།

ཕུ་ནུ་གངས་རིའི་འཁྱགས་རོམ་ནི་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པ་དང་དེར་ས་བབ་མཐོ་ཚད་སྨི་6000ནས་6800བར་ཟིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་400ལྷག་ཙམ་ཡོད་པ་དེ་ནི་འཛམ་གླིང་ཐོག་གི་འཕྲེད་ཐིག་དམའ་འབྲིང་རིམ་པའི་འཁྱགས་རོམ་ཆེ་ཤོས་དེ་རེད།

ཕུ་ནུ་གངས་རིའི་འཁྱགས་རོམ་ལ་སྐྱོད་པའི་ལམ་བར་དུ། བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡ་ཨ་མུའུ་དོ་དམ་ས་ཚིགས་ཀྱི་འགན་འཁུར་བ་པད་མ་བསམ་གྲུབ་ཀྱིས་གསར་འགོད་པར་2018ལོ་ནས་བཟུང་། ས་གནས་དེ་གའི་ཡུལ་སྐོར་སྣེ་ལེན་གྱི་ཞབས་ཞུ་གནས་སྐབས་སྒྲུབ་མཚམས་བཞག་པ་དང་། མིག་སྔར་འཁྱགས་རོམ་མཐའ་འཁོར་གྱི་རྩྭ་ར་རྒྱུན་ཆད་མེད་པར་སླར་གསོ་འགྲོ་བཞིན་ཡོད་ཅེས་བརྗོད།

རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་རེད་ལ། སྐད་གྲགས་ཆེ་ཤོས་ཀྱི་གངས་རིའི་གྲས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རི་བོ་ཇོ་མོ་གླང་མའི་མཐའ་འཁོར་ས་ཁོངས་ཀྱི་སྐྱེ་ཁམས་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད།

མཚོ་བོད་ཚན་ཞིབ་རུ་ཁག་ཐེངས་གཉིས་པས་ཚོད་རྩིས་བྱས་པར་གཞིགས་ན། མཚོ་བོད་ས་མཐོ་དང་དེའི་ཉེ་འཁོར་གྱི་རི་མཐོའི་ས་ཁུལ་གྱི་འཁྱགས་རོམ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10ཙམ་ཟིན་པ་དང་ལོ་ལྟར་གངས་གསོག་ཚད་སྤྱི་ལེ་ངོས་གྲུ་ཁྲི་30ཙམ་ཟིན་གྱི་ཡོད། གསོག་ཚད་ཐད་ནས་བལྟས་ཚེ། ས་ཁོངས་དེའི་འཁྱགས་རོམ་གྱི་འཁྱགས་གསོག་ཐེབས་ཚད་སྤྱི་ལེ་ངོས་གྲུ་8850ཙམ་ཟིན་པ་དང་། ཆུའི་ཚད་གཞི་ལྟར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་8ཙམ་ཟིན་ཡོད་པ་རེད།

འཁྱགས་རོམ་དང་གངས་རི་དེ་དག་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ས་ངོས་བཞུར་རྒྱུན་མང་བའི་འབྱུང་ཁུངས་ཀྱང་ཡིན་པས། ས་མཐོའི་ཆུ་རྒྱུད་གསོ་བར་ཕན་ཐོགས་ཡོད་ལ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད།

སྲུང་སྐྱོང་།

བྱ་ཐབས་སྣ་ཚོགས་སྤྱད་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ།

མཚོ་བོད་ཚན་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཡའོ་ཐན་ཏུང་གིས་གསར་འགོད་པར། 1976ལོ་ནས་2010ལོ་བར། མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་གཙང་པོ་དང་མཚོ་འགོ་ཡིན་པའི་སེར་གླིང་མཚོ་དང་གནམ་མཚོ་སོགས་མཚོ་6གི་རྒྱ་ཁྱོན་20.2%ཆེ་རུ་ཕྱིན་པ་དེའི་ནང་འཁྱགས་རོམ་བཞུར་ནས་ཆུ་ལ་གྱུར་པའི་སེར་གླིང་མཚོ་དང་། གནམ་མཚོ། ཕུང་མཚོ་བཅས་ཀྱི་ཆུ་ཁ་དེ་འཁྱགས་རོམ་བཞུར་རྒྱུན་མེད་པའི་མཚོའི་ཆུ་ཁ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། འཁྱགས་རོམ་བཞུར་བའི་ཤུགས་རྐྱེན་འོག་སྔོན་ཆད་བོད་ཀྱི་མཚོ་ཆེ་གྲས་གཉིས་པ་ཡིན་པའི་སེར་གླིང་མཚོ་ཡི་རྒྱ་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ནས། ད་ཆ་གནམ་མཚོ་ལས་བརྒལ་ཏེ་བོད་ཀྱི་མཚོ་ཆེ་ཤོས་ལ་གྱུར་ཡོད།

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ལས་འགན་གལ་ཆེན་ཞིག་ཡོད་པ་ནི་ཁོང་ཚོའི་མངའ་ཁོངས་སུ་ཡོད་པའི་གངས་པོ་འཁྱགས་རོམ་སྲུང་སྐྱོང་བྱ་རྒྱུ་དེ་རེད།

2021ལོའི་ཟླ་9པར་གངས་པོ་འཁྱགས་རོམ་ལ་སྔར་ལས་ལྷག་པའི་སྲུང་སྐྱོང་ཡག་པོ་བྱ་ཆེད། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་བསྒྲགས་སྤེལ་ནས་གངས་པོ་འཁྱགས་རོམ་ཁུལ་དུ“ཚན་རིག་རྟོག་ཞིབ་དང་ཐོན་ཁུངས་བརྟག་དཔྱད་སོགས་ལས་ཀའི་དགོས་མཁོ་ཕུད། ཡུལ་སྐོར་བྱེད་སྒོ་ཚང་མ་སྤེལ་མཚམས་འཇོག་དགོས་པའི”ཁྱབ་བསྒྲགས་བྱས་པ་རེད། གངས་པོ་འཁྱགས་རོམ་དུ་སྐྱོད་སའི་ལམ་བུར་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སོ་ཁ་བཙུགས་ནས། འཁྱགས་རོམ་ཁུལ་དུ་ཡུལ་སྐོར་ལ་སྐྱོད་མཁན་ཚོར་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།

ཡུལ་སྐོར་ཕུད་རི་འཛེག་བྱེད་སྒོར་ཡང་དོ་དམ་ཚོད་འཛིན་ནན་པོ་བྱས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་མཉམ་དུ་ཁྲིམས་ལྟར་རི་འཛེག་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་སྤེལ་ནས། བོད་ཀྱི་སྨི་5000ཡན་ཟིན་པའི་ཁེར་རྐྱང་རི་བོར་རི་འཛེག་སྐབས་བྱེད་སྒོ་མ་སྤེལ་གོང་གི་ཟླ་བ་གཅིག་ནང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་རེ་ཞུ་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད། སྤྱི་བསྒྲགས་དེའི་ནང་རི་འཛེག་སྒྲིག་འཛུགས་བྱེད་མཁན་དང་རི་འཛེག་མཁན་གྱིས་ད་དུང་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་རི་རྩེའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས། རི་འཛེག་སྒྲིག་འཛུགས་བྱེད་མཁན་དང་རི་འཛེག་མཁན་གྱིས་ཁྲིམས་འགལ་སྒྲིག་འགལ་ངང་རི་འཛེག་ཚེ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བརྡ་ཁྱབ་གཏོང་བ་དང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།

ཚན་རིག་ཞིབ་འཇུག

ལྟ་དཔྱད་ཚད་ལེན་གྱི་ཞིབ་འཇུག་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ།

ཁོག་ཆུང་གངས་རིའི་འཁྱགས་རོམ་གྱི་མཐའ་སྣེར་མཐོ་ཚད་སྨི་30ཟིན་པའི་ལྟ་ཞིབ་ཚད་ལེན་གྱི་མཐོ་ལྕོག་སྟེ་ལྷ་ས་སྐྱིད་ཆུའི་ལུང་ཤུར་དང་པོའི་འཁྱགས་རོམ་ལངས་གཟུགས་ལྟ་ཞིབ་ཚད་ལེན་གྱི་ལས་སྟེགས་བཙུགས་ཡོད། ལྟ་ཞིབ་ཚད་ལེན་གྱི་མཐོ་ལྕོག་ཕུད་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་ད་དུང་འཁྱགས་ངོས་ཀྱི་རང་འགུལ་གནམ་གཤིས་ས་ཚིགས་དང་། འཁྱགས་དྲོད་དང་གནས་སྤོའི་ལྟ་ཞིབ་ཚད་ལེན་ཡོ་བྱད་ཀྱང་བཙུགས་ཡོད་པ་རེད།

2020ལོར་ལྟ་ཞིབ་ཚད་ལེན་གྱི་མཐོ་ལྕོག་སོགས་སྒྲིག་བཀོད་བསྐྲུན་རྗེས་ཡའོ་ཐན་ཏུང་གིས་རུ་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པས་ཀྱང་ལྷ་ས་སྐྱིད་ཆུའི་ལུང་ཤུར་དང་པོའི་འཁྱགས་རོམ་སྲུང་སྐྱོང་ས་ཚིགས་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཁོག་ཆུང་གངས་རིའི་འཁྱགས་རོམ་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་གནམ་གཤིས་མི་འདྲ་བའི་རྣམ་པའི་འོག་གི་འཁྱགས་རོམ་འགྱུར་ལྡོག་གི་ཁྱད་ཆོས་དང་རྒྱུ་རྐྱེན་མངོན་པ་མ་ཟད། གངས་ཆུའི་རྒྱུག་ཚད་ཀྱིས་ཐོན་སྒོའི་ཆུ་རྒྱུན་རྒྱུག་ཚད་ལ་ཁ་གསབ་ཀྱི་བརྒྱུད་རིམ་དང་དེ་བཞིན་ལེགས་སྐྱེས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

བོད་ཀྱི་ཤར་ལྷོ་ཁུལ་རི་ཁུལ་གྱི་མུ་ལ་མུ་ཁྱུད་ཀྱི་རི་བོར་ཀྲུང་གོ་ཚན་རིག་ཁང་དང་ཆུ་བེད་པུའི་ཁྲེང་ཏུའུ་རི་ཁུལ་གྱི་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཧྭ་ཡུང་གིས་ཚན་རིག་དང་མཐུན་པའི་ངང་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་རེད། འཁྱགས་རོམ་གྱི་མཐའ་སྣེར་ཆགས་པའི་འཁྱགས་མཚོ་ཆེན་པོ་དེ་དག་ཡུལ་སྐོར་བའི་ངོས་ནས་བརྗོད་ན་མཛེས་ལྗོངས་ཤིག་ཡིན་སྲིད་མོད། འོན་ཀྱང་ཁྲེན་ཧྭ་ཡུང་གིས་འཁྱགས་མཚོ་མང་པོ་ཞིག་གིས་ཀྱང་ཉེན་ཁ་མཚོན་གྱི་ཡོད་པ་ཤེས། “འཁྱགས་རོམ་འགྱུར་ལྡོག་དེ་ལོ་བཅུ་ཚད་གཞིར་འཛིན་དགོས་མོད། འོན་ཀྱང་གནོད་འཚེ་མང་པོ་ཞིག་སྐད་ཅིག་མར་ཐོན་གྱི་ཡོད། དུས་ཡུན་ཐུང་ངུའི་ནང་དྲོད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པས་འཁྱགས་རོམ་བཞུར་བ་དང་དྲག་ཆར་བབས་པ་ནི་གནོད་འཚེ་དེ་དག་གི་འབྱུང་རྐྱེན་གཙོ་བོ་རེད”ཅེས་ཁྲེན་ཧྭ་ཡུང་གིས་གསར་འགོད་པར་བཤད།

དེར་བརྟེན། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། ལོ་མང་པོའི་གོང་ཚན་རིག་ལས་དོན་པ་རྒན་རབས་ཚོས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པའི་བྱ་ཐབས་ཐོག་ནས་འཁྱགས་རོམ་གྱི་འགྱུར་ལྡོག་ལ་བརྡར་ཤ་བཅད་དེ་གནོད་འཚེའི་གནས་ཚུལ་ལ་དཔྱད་དཔོག་བྱེད་ཀྱི་ཡོད། ད་ཆ་ཚན་རིག་སྒྲིག་ཆས་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་ཁྲེན་ཧྭ་ཡུང་སོགས་ཀྱིས་ཀྱང་དེ་བས་ཚན་རིག་དང་མཐུན་པ་དང་ཕན་འབྲས་ཆེ་བའི་སྒོ་ནས་གནོད་འཚེའི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།