ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སྐོར་གྱི་བསྡུས་རིས།

ཉིན་ཤས་གོང་གསར་འགོད་པས་རླངས་འཁོར་བཏང་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་བྲིན་ཐང་གྲོང་ཚོར་བསྐྱོད་པ་དང་ཀྱག་ཀྱོག་གི་རི་ལམ་བརྒྱུད་རི་བོ་ཧི་མ་ལ་ཡའི་དབུས་རྒྱུད་དུ་འབྱོར། ཕྱོགས་བཞི་རི་བོས་བསྐོར་བའི་ཐང་གཤོངས་ནི་བྲིན་ཐང་གྲོང་ཚོ་གནས་ཡུལ་ཡིན། གྲོང་མི་ཚོས་གསར་འགོད་པར་ལོ་20ལྷག་ཙམ་གོང་དིང་རི་རྫོང་གྲོང་ནས་དེ་གར་རྐང་ཐང་མར་བསྐྱོད་ན་ཉིན་ཁ་ཤས་འགྲོ་དགོས་པ་དང་ད་ཆ་རླངས་འཁོར་བཏང་ཚེ་ཆུ་ཚོད་3ཙམ་ལས་འགོར་གྱི་མེད་ཅེས་བཤད།

རོང་ཤར་ཤང་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་སུ་གནས་པ་དང་ནེ་པ་ལ་དང་ས་འབྲེལ་ཡིན་ཞིང་། བྲིན་ཐང་གྲོང་ཚོ་ནི་ཤང་དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་རེད། དེ་སྔ་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་དིང་རི་རྫོང་གི་མི་མང་པོ་ཞིག་གིས་ལུང་ཁུག་ཏུ་གནས་པའི་རོང་ཤར་ཞེས་པའི་ས་ཆ་དེ་ཐོས་མྱོང་མེད། མང་ཚོགས་སྡོད་ས་ནི་ས་རྡོ་ལས་གྲུབ་པའི་ཁང་པ་གོག་ཏོ་ཞིག་ཡིན་ལ་ཉི་འོད་མི་ཕོག་པས་ཁང་པའི་ནང་གྲང་ཤུར་ཤུར་བྱེད་ཀྱི་ཡོད།

2015ལོའི་ཟླ་4པར་ནེ་པ་ལར་ས་ཡོམ་བརྒྱབ་པའི་དབང་གིས་རོང་ཤར་ནི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་གྱུར་པ་དང་བོད་རང་སྐྱོང་ལྗོངས་ཀྱིས་འཕྲལ་དུ་གེགས་རྗེས་བསྐྱར་སྐྲུན་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།

ལོ་བདུན་སོང་རྗེས་དེ་གའི་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། ལམ་ཤར་གཏོང་ཐུབ་པ་དང་། ལག་ཐོགས་ཁ་པར་ལ་བརྡ་རྟགས་ཡོད་པ། དྲ་ཆེན་ཡང་ཁྱབ་པ། “ཕྱུག་འགྱུར་ལམ་བུ”ཡངས་སུ་ཕྱིན་པ་བཅས་རེད། བྲིན་ཐང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བ་བཀྲ་ཤིས་ཀྱིས་ཉེ་བའི་ལོ་ཤས་རིང་ཡུལ་གཞན་གྱི་མི་མང་པོ་ཞིག་གིས་སྒེར་འཁོར་བཏང་ནས་རོང་ཤར་ལུང་ཤུར་གྱི་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡོད། ས་གནས་དེ་གའི་གྲོང་མིས་ཁྱིམ་ཚང་མགྲོན་ཁང་གཅིག་དང་ཇ་ཁང་ལྔ་དྲུག་བཙུགས་པས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་རག་གི་ཡོད་ཅེས་བཤད།

རི་བོ་ཧི་མ་ལ་ཡའི་ཤར་ངོས་སུ་བསྐྱོད་ཚེ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་རྒྱལ་ལ་ཕུག་གྲོང་ཚོར་སླེབས་ཀྱི་ཡོད། དེ་གར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་གང་དགོས་ཚང་མ་ཡོད་པ་དང་གྲོང་མི་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་དྲོ་བའི་ཁང་པར་སྡོད་རྒྱུ་ཡོད་པ་མ་ཟད། སྔོ་ཚལ་དྲོད་ཁང་ནང་དུའང་དུས་བཞིར་སྔོ་ཚལ་སྐྱེ་ཡི་ཡོད་པ་རེད།

ཡུལ་མི་བསོད་ནམས་ཆོས་འཕེལ་གྱིས་ལོ་10ཡི་གོང་དེ་གར་ཕྱུགས་འཚོ་སྐབས་གློག་དང་ཁ་པར་གྱི་བརྡ་རྟགས་མེད་པ་མ་ཟད། གངས་ཆེན་པོ་བབས་སྐབས་ལམ་ལོ་ཕྱེད་ཙམ་འགག་གི་ཡོད། ད་ཆ་དུས་དང་རྣམ་པ་ཀུན་ཏུ་ཕྱི་རོལ་དང་འབྲེལ་གཏུག་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མང་ཚོགས་སྡོད་ཁང་གསར་པར་སྤོས་པ་དང་། དེ་སྔའི་ལུང་ཁུག་གི་མཐའ་མཚམས་གྲོང་གསེབ་དེ“མཐའ་མཚམས་ཀྱི་མུ་ཏིག”ཅིག་ཏུ་གྱུར་ཡོད།

རྩ་རི་ཤང་ལྷོ་བ་གྲོང་ཚོར་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་ཡོད་པ་ཕུད་ད་དུང་མི་རིགས་ལག་ཤེས་བཟོ་རྩལ་གྱི་ལས་སྣོན་བཟོ་གྲྭ་ཡང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་རི་སྟེང་དུ་སྨྱུག་མས་ཁེངས་ཤིང་། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་མང་ཚོགས་ལ་སྨྱུག་ཆས་ལས་སྣོན་བཟོ་གྲྭ་འཛུགས་པར་སྐུལ་ལྕག་བྱས་པ་དང་སྨྱུག་མའི་སླེ་པོ་ཐོན་སྐྱེད་བྱས་ཏེ་མང་ཚོགས་ཕྱུག་པོའི་ལམ་བུར་བསྐྱོད་པར་ཁྲིད་སྟོན་བྱས་ཡོད།

བྲིན་ཐང་གྲོང་ཚོ་དང་། རྒྱལ་ལ་ཕུག་གྲོང་ཚོ། ལྷོ་བ་གྲོང་ཚོ་བཅས་ནི་རང་རྒྱལ་གྱི་རི་བོ་ཧི་མ་ལ་ཡའི་རི་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཡོད། 2021ལོའི་ལོ་མཇུག་བར་བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ནས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།