ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྔོན་ནས་ཇུས་འགོད་བཏིང་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། “ཐོན་ལས་དང་པོ་ལེགས་སུ་གཏོང་བའི”དུས་འགོའི་ལས་དོན་ལ་སྐུལ་སྤེལ་ཧུར་ཐག་བཏང་བས། ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་དང་ཞིང་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱས་པ།

2021ལོར། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་ལས་དོན་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་བཟང་པོ་ཞིག་མངོན་ཞིང་། འབྲུ་རིགས་དང་། ནས། སྔོ་ཚལ། ཤ་དང་འོ་མ་བཅས་ཀྱི་ཐོན་འབབ་ཡག་པོ་བྱུང་ནས་ཐོན་ཚད་ཏུན་ཁྲི་44.44དང་། ཏུན་ཁྲི་40.07 ཏུན་ཁྲི་42.62 ཏུན་ཁྲི་22.4བཅས་སོ་སོར་ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་15217ཟིན་པ་དེ་དུས་མཚུངས་ལས་16.3%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་བྱེད་ནུས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་98.33(ནས་འདེབས་ཁྱོན་མུའུ་ཁྲི་90.49)ཟིན་པ་དང་། འདི་ལོའི་ལོ་སྟོད་དུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་541.6དང་། ཕྱུགས་ཕྲུག་མགོ་གྲངས་ཁྲི་134.5 ཕྱུགས་ཕྲུག་གསོན་ཚད་མགོ་གྲངས་ཁྲི་125.9ཟིན་པ། མགོ་གྲངས་ཁྲི་20.37བཤས་བཏང་བ་དང་ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་4ཟིན་ཡོད་པ་རེད།

ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། “རིགས་གཅིག་མཁས་ཅན+དཔེ་སྟོན་རྟེན་གཞི+ཚན་རྩལ་མི་སྣ+དཔེ་སྟོན་དུད་ཚང+སྐུལ་ཁྲིད་དུད་ཚང”བཅས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཆེད་ལས་ལག་རྩལ་མི་སྣ་469འདེམས་མངགས་ཀྱིས་ཞིང་ལས་ལག་རྩལ་གྱི་ཞབས་ཞུའི་ལས་དོན་བསྒྲུབས་པ་རེད། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་རྒྱ་ཁྱོན་མུའུ་ཁྲི་6.26སྐྲུན་པ་དང་སོན་བཟང་མུའུ་ཁྲི་87.7ཁྱབ་གདལ་བཏང་ནས་མུའུ་ཁྲི་73ཟིན་པའི་ལྗང་མདོག་དང་ཐོན་འབབ་མཐོ་བ། ཕན་འབྲས་ཆེ་བ་བཅས་ཀྱི་འཛུགས་གཏོད་དཔེ་སྟོན་དང་མུའུ་ཁྲི་78ཟིན་པའི་ས་དཔྱད་ལུད་སྦྱོར་གྱི་དཔེ་སྟོན་ལེགས་སྒྲུབ་བྱུང་བ་རེད།

གསོ་སྤེལ་ཆུ་ཚད་མཐོ་རུ་བཏང་ནས་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ།

གཞིས་རྩེ་གྲོང་ཁྱེར་གྱིས་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས། དེ་བཞིན་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་བཏང་ནས་འབྲོག་ལས་ཐོན་ལས་ཀྱི་འཕེལ་རྒྱས་དང་། སྤུས་ཚད། ལས་ཕྱོད་བཅས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་འབྲོག་ལས་ཀྱི་ཉེན་ཁ་འགོག་ཟོན་བྱེད་པའི་འགོག་སྲུང་འཛིང་རགས་དང་པོར་བརྩིས་ནས་སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། བཙན་ཤེད་ཀྱིས་རིམས་འགོག་བྱེད་དགོས་རིགས་ཚང་མར་རིམས་འགོག་བྱེད་ཚད་90%ཡན་ཟིན་པ་དང་ནད་འགོག་ནུས་པ་ཚད་ལོན་ཚད་ལོ་འཁོར་མོ་70%ཡན་རྒྱུན་འཁྱོངས་ཐུབ་ཡོད།

ཡུལ་བབ་དང་བསྟུན་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་སྟངས་འཕེལ་རྒྱས་བཏང་ཞིང་། གསོ་སྤེལ་ར་བའི(དུད་ཚང)རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་གཏོང་དང་རིམ་སྤོར་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་ཚད་ལྡན་ཅན་གྱི་གསོ་སྤེལ་ཆུ་ཚད་མཐོ་རུ་བཏང་ཡོད། སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། མཚེར་ས། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་ལྕག་སྐུལ་བྱས་ནས་གཅིག་གྱུར་ཐོན་སྐྱེད་དང་། གཅིག་གྱུར་ཞབས་ཞུ། གཅིག་གྱུར་ཚོང་གཉེར། གཅིག་གྱུར་སྤུས་རྟགས། ལག་རྩལ་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་ཐོན་ལས་མཉམ་འབྲེལ་གྱི་སྒྲིག་གཞི་བརྟན་པོ་ཞིག་ཆགས་ཡོད།

སོན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་ནས་སོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་བ།

སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། 2019ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)11གིས་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་དང་འཚོལ་བསྡུ་ཐེངས་གསུམ་པའི་བྱ་སྤྱོད་སྤེལ་ནས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཁུངས་ཁག་220གསར་དུ་བསྡུ་རུབ་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་མཚོ་བོད་ས་མཐོའི་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་ཀྱི་དུས་དཀྱིལ་མཛོད(ཐོན་ཁུངས་ར་བ)བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དུས་བཀག་ལྟར་སྤེལ་བ་རེད།

རྒྱུད་བཟང་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཕག་རིའི་འབྲི་གཡག་དང་། སྐེད་ལག་གི་འབྲི་གཡག གམ་པའི་ལུག ཧོར་པའི་ལུག བོད་བྱ་སོགས་གཞིས་རྩེ་གྲོང་ཁྱེར་གྱི་ཁྱད་ལྡན་སྤུས་ལེགས་ཀྱི་སྒོ་ཕྱུགས་རྒྱུད་པའི་ཐོན་ཁུངས་ལ་དམིགས་ནས། མཉམ་ལས་ཁང་ལས་སྟེགས་སུ་བྱས་ཏེ་འབྲོག་ལས་ཀྱི་རྒྱུད་བཟང་འདུ་འགོད་བརྒྱུད་དེ་ལོ་ལྟར་བ་གླང་ཁྲི་8ཙམ་གྱི་རྒྱུད་པ་ལེགས་བཅོས་བྱས་པས་ཕྱུགས་རིགས་རྒྱུད་བཟང་ཁྱབ་ཚད་32%ཟིན་པ་རེད།

སོན་ལས་གསར་གཏོད་ཀྱི་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2022ལོར་གྲོང་ཁྱེར་ཡོངས་ཀྱི་གྲོའི་རིགས་ཀྱི་སྐྱེ་དངོས་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་5.84དང་། སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་81.75 ནས་ཀྱི་སོན་བཟང་ཁྱབ་ཚད་96.46%བཅས་ཟིན་ནས་རང་སྐྱོང་ལྗོངས་ཀྱི་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་སྒྲུབ་བྱས་ཡོད། མིག་སྔར། གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་བྱས་པའི“ཧི་མ་ལ་ཨང་22པ”དང“ཧི་མ་ལ་ཨང་23པའི”སྤུས་ལེགས་སོན་བཟང་གཞིས་རྩེ་གྲོང་ཁྱེར་གྱི་ས་ཁོངས་སུ་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། “མྱང་ཆུ་ཨང་18པ”སོགས་པད་ཁའི་སོན་སྤུས་ལེགས་ཀྱང་གཞིས་རྩེ་གྲོང་ཁྱེར་དུ་རྒྱ་ཁྱབ་ངང་བཏབ་ཡོད།

ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་བ།

གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་བའི་མཐོ་ཚད་ཐོག་ནས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ནས་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་ཡོང་བ་དང་། ཐོན་འབབ་འཕར་སྣོན་ཡོང་བ། འབྲུ་རིགས་བདེ་འཇགས་ཀྱི་ཇུས་ཆེན་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་རྣམ་གྲངས་དེ་གྲོང་ཁྱེར་རིམ་པའི་རྣམ་གྲངས་གལ་ཆེན་འགན་གཙང་འགན་ལེན་གྱི་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནང་འཇུག་རྒྱུ་རེད།

ཚད་གཞི་མཐོ་བའི་ཞིང་ཁ་རྒྱུན་མཐུད་འཛུགས་སྐྲུན་བྱས་པས། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རྨོ་ཞིང་མུའུ་ཁྲི་8.8གསར་འཕར་བྱུང་བ། ས་རྒྱུ་མུའུ་ཁྲི་23.36ལེགས་སུ་ཕྱིན་པ། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་41.24མང་དུ་དང་ལེགས་སུ་ཕྱིན་པ། རྨོ་ཞིང་གི་སྤུས་ཚད་རིམ་པ་མཐོ་རུ་མངོན་གསལ་དོད་དུ་ཕྱིན་ཏེ་དེང་རབས་ཞིང་ལས་ཀྱི་རྣམ་པ་གསར་པ་རིམ་བཞིན་མངོན་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།