ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧྲན་ཏུང་གི་བོད་སྐྱོར་སྟོབས་ཤུགས་ཀྱིས་རོགས་སྐྱོར་ཤུགས་ཆེན་བྱས་ནས་གཞིས་རྩེའི་ཚད་ལྡན་ཅན་གྱི་སྨན་བཅོས་ཞབས་ཞུའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་ཤེས་ལྡན་མི་སྣ་རྣམས་2019ལོར་བོད་དུ་ཡོང་ཚུན། ཐོག་མཐའ་བར་གསུམ་དུ་སྨན་བཅོས་བོད་སྐྱོར་བྱ་རྒྱུ་དེ་སྔོན་འཇོག་ཁ་ཕྱོགས་སུ་བརྩིས་ནས“མཉེན་ཆས་དང་མཁྲེགས་ཆས་མཉམ་སྤྱོད་དང་། རང་བརྟེན་དང་གཞན་བརྟེན་ཟུང་འབྲེལ། རྩ་ལག་མཉམ་བཅོས”བཅས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས། “སྣེ་འདྲེན་གཅིག་འཛུགས་སྐྱོང་དང་། མ་ལག་གཅིག་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་གཅིག་དམ་འཛིན་ཏན་ཏིག་བྱེད་པ། སྤུས་རྟགས་གཅིག་གཏོད་པ”བཅས་ཀྱི་རོགས་སྐྱོར་སྒྲོམ་གཞི་ཆ་ཚང་གསར་པ་བཏོན་ནས། སྨན་བཅོས་བོད་སྐྱོར་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ཚད་ལྡན་ཅན་གྱི་སྨན་བཅོས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཧེ་ལུང་ཅང་ལྷོ་ལམ་དུ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ་ཐོག་སོ་གསུམ་ལྡན་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་5000ཙམ་ཡོད་པའི་སྒོ་བསྟེན་སྨན་བཅོས་ཀྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་ཞིག་སྐྲུན་བཞིན་ཡོད་པ་རེད།

“འཛུགས་སྐྲུན་བྱས་རྗེས་ང་ཚོའི་སྨན་ཁང་གི་ནུས་པ་བཀོད་སྒྲིག་དང་། བར་མཐོངས་བཀོད་སྒྲིག སྤྱི་ཡོངས་ཀྱི་ཁོར་ཡུག་བཅས་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་རེད” གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རྡོ་རྗེས་སྐྲུན་བཞིན་པའི་སྒོ་བསྟེན་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་ལ་བལྟས་ནས་“ཧྲན་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་བཏང་ནས་ཐོག་བརྩེགས་ཁང་ཆེན་དེ་བསྐྲུན་པ་མ་ཟད། ད་དུང་ང་ཚོས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་སྒྲིག་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པས་ཤེས་ལྡན་མི་སྣའི་འཇུར་མིག་སེལ་རྒྱུར་ཕན་པ་བསྐྲུན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་པའི་ངང་བརྗོད།

ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་ཤེས་ལྡན་མི་སྣ་བོད་དུ་ཡོང་རྗེས། གཞིས་རྩེ་གྲོང་ཁྱེར་དང་རོགས་སྐྱོར་བྱ་ཡུལ་རྫོང་དང་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་5ཡི་ཞན་ཆར་དམིགས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་སྨན་བཅོས་སྒྲིག་གཞི་19གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ཉལ་ཁྲི་546གསར་དུ་བསྣན་པ། རོགས་སྐྱོར་བྱ་ཡུལ་སྨན་བཅོས་སྒྲིག་གཞི་6ལ་རྒྱང་བསྟེན་ནད་དཔྱད་དང་། སྙིང་པར། བརྙན་རིས་ལྟེ་གནས། མཆིན་ནད་སྒོ་བསྟེན་སྨན་ཁང་9བཅས་བསྐྲུན་རོགས་བྱས་ཤིང་། ཧྲན་ཏུང་མིག་ནད་ཚན་ཁག་གིས་གཞིས་རྩེའི་ལས་དོན་ས་ཚིགས་བཙུགས་པ་རེད།

ཚོཌ་སྒྲིག་རྣམ་པའི་ཐོག་ནས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱས་པ།

2019ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་རིགས་གཅིག་མཁས་ཅན་11སྨན་ཁང་དེར་མངགས་ནས་དུས་ཡུན་ལོ་3གྱི་ཚོགས་སྒྲིག་རྣམ་པའི་རྒྱུན་མཐུད་རོགས་སྐྱོར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། དེ་སྔ་སྤེལ་ཐབས་བྲལ་བའི་སྨན་བཅོས་རིག་ཚན་མང་པོ་ཞིག་སྤེལ་ཐུབ་པ་དང་དུས་མཚུངས་སྨན་ཁང་དེར་བུད་མེད་ཚན་ཁག་དང་། བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག་སོགས་ཚུད་པའི་སྨན་བཅོས་ཤེས་ལྡན་མི་སྣའི་རྐང་འཛིན་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་པ་རེད།

“ཧྲན་ཏུང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ནི་ང་ཚོའི་སྨན་ཁང་གི་ཀ་བ་ལྟ་བུ་ཡིན། དེ་སྔོན་ནད་གཞི་ལྕི་པོ་དང་ཉེན་ཁ་ཆེ་བའི་ནད་པ་མང་པོ་ཞིག་ང་ཚོའི་སྨན་ཁང་དུ་ཉར་ཕོད་ཀྱི་མེད། འོན་ཀྱང་ཧྲན་ཏུང་གི་སྨན་བཅོས་རིགས་གཅིག་མཁས་ཅན་སླེབས་རྗེས་གནད་དོན་དེ་རིགས་ཐག་གཅོད་ནུས་ལྡན་ཐུབ་སོང”ཞེས་གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་བུ་བཙའི་ཚན་ཁག་གི་ཡོན་ཀྲང་གཞོན་པ་བསོད་ནམས་ཀྱིས་ངོ་སྤྲོད་བྱས།

དོན་དངོས་ཐོག་ཕན་པ་ཐོབ་མཁན་གཞིས་རྩེ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་གཅིག་པུ་མིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་སེམས་ཁམས་ཀྱི་འཕྲོད་བསྟེན་འགོག་བཅོས་མ་ལག་ཞན་པ་དང་། གྲོང་ཁྱེར་རིམ་པར་ཆེད་ལས་ཚན་ཁག་གི་སྨན་ཁང་མེད་པ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་ཁང་ལ་སེམས་ཁམས་འཕྲོད་བསྟེན་ཚན་ཁག་མེད་པ་མ་ཟད། ལས་གཉེར་འོས་ཐོབ་ལྡན་པའི་སེམས་ཁམས་འཕྲོད་བསྟེན་གྱི་སྨན་པ་མེད་པས་ཁོག་ནད་ཚན་ཁག་གི་སྨན་པས་འགན་གཅིག་ལྕོགས་འཁུར་དགོས་ཀྱི་ཡོད། 2020ལོར་ཧྲན་ཏུང་གི་རིགས་གཅིག་མཁས་ཅན་གྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཀྱི་སྨན་ཁང་18ཀྱི་སེམས་ཁམས་འཕྲོད་བསྟེན་གྱི་ལས་སྒྱུར་སྨན་པར་སློབ་ཁྲིད་བྱེད་པའི་ལས་འགན་འཁུར་རྒྱུའི་གྲོས་འགོ་བཏོན་པ་རེད། དུས་ཡུན་རིང་པོ་མ་སོང་བར་ཧྲན་ཏུང་ཞིང་ཆེན་གྱིས་འདེམས་གཏོང་བྱས་པའི་སེམས་ཁམས་འཕྲོད་བསྟེན་གྱི་རིགས་གཅིག་མཁས་ཅན་6གཞིས་རྩེར་ཡོང་ནས་དུས་ཡུན་ཟླ་གསུམ་གྱི་ས་གནས་ས་ཐོག་གི་སློབ་ཁྲིད་ལས་དོན་སྤེལ་འགོ་ཚུགས་པ་རེད། ཟླ་བ་གསུམ་གྱི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་དུ་སྔ་རྗེས་སུ་ལས་གནས་སྒྱུར་བའི་སྨན་པ་13ལ་སེམས་ཁམས་འཕྲོད་བསྟེན་གྱི་ལས་གཉེར་འོས་ཐོབ་རག་པ་དང་། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་5ཚང་མར་སེམས་ཁམས་འཕྲོད་བསྟེན་ཚན་ཁག་བཙུགས་ནས་གྲོང་ཁྱེར་དེའི་སེམས་ཁམས་འཕྲོད་བསྟེན་གྱི་རིགས་གཅིག་མཁས་ཅན་ཕྱི་ནས་གདན་དྲངས་དགོས་པ་དང་སེམས་ཁམས་འཕྲོད་བསྟེན་སྨན་རྫས་ཞལ་འདེབས་རྒྱག་དགོས་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་གྲོང་ཁྱེར་དེའི་སེམས་ཁམས་ཀྱི་ནད་ཕོག་པའི་ནད་པས་སྨན་ཟ་ཚད་དང་སྨན་ཚད་ལྡན་ངང་ཟ་ཚད་ཆེས་ཆེར་འཕར་བ་རེད།

ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བདེ་ཐང་བསྲུངས་པ།

གཞིས་རྩེའི་ནད་པ་ཁག་གཅིག་ལྗོངས་ནང་ཁུལ་དུ་སྨན་བཅོས་བྱེད་ཐབས་བྲལ་བ་དང་། ལྗོངས་ཕྱི་རོལ་དུ་སྨན་བཅོས་བྱེད་པའི་དངུལ་མི་འདང་བའི་དཀའ་ངལ་འཕྲད་པ་དང་། དེ་བཞིན་དེ་སྔ་གྲོང་ཁྱེར་ཁག་གི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྒྲིག་འཛུགས་བྱས་པའི་སྤྱི་ཕན་རོགས་སྐྱོབ་བྱེད་སྒོར་ཡང་གཅིག་གྱུར་མེད་པར་ཁ་ཐོར་གྱི་གནད་དོན་ལྷག་པར་དམིགས་ནས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དགུ་པས“ཧྲན་ཏུང་དང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་ཐང་གི་ཕུགས་འདུན་མཉམ་དུ་འགྲུབ”ཅེས་པའི་ཧྲན་ཏུང་གིས་ས་མཐོར་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

མིག་སྔའི་བར། “ཧྲན་ཏུང་དང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་ཐང་གི་ཕུགས་འདུན་མཉམ་དུ་འགྲུབ”ཅེས་པའི་ཧྲན་ཏུང་གིས་ས་མཐོར་སྨན་བཅོས་བྱེད་པའི་བྱེད་སྒོ་ལོ་གཉིས་བསྟུད་མར་ལག་བསྟར་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་བ་དང་གྲབས་གསོག་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ནད་པ་1700ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཅིང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་120དང་། མིག་གཟི་ལོག་དང་མིག་ཤེད་ཡག་པོ་མེད་པའི་བྱིས་པ་589 སྐྱ་གྲིབ་ཕོག་མཁན་165བཅས་དང་གཞན་གྱི་ནད་པ་700ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། ལྷན་སྐྱེས་སྙིང་ནད་དང་། སྐྱ་གྲིབ་ནད། མིག་གཟི་ལོག་གི་བྱིས་པ་བཅས་ཀྱི་རིགས་གསུམ་གྱི་ནད་རིགས་ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་གྱི་རྫོང་དང་ཆུས་5རུ“དུས་མཚམས་རང་བཞིན་གྱི་གཙང་སེལ”ཐུབ་ནས་ལྷན་སྐྱེས་སྙིང་ནད་དང་མིག་གཟི་ལོག་གི་བྱིས་པའི་སྨན་བཅོས་ལས་དོན་སྤེལ་ཚད་དེ་རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་19ཡི་ཨང་དང་པོར་སླེབས་ཡོད་པ་རེད།

དེ་ཙམ་མ་ཟད་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཧྲན་ཏུང་གི་བོད་སྐྱོར་སྟོབས་ཤུགས་ཀྱིས་འཕྲལ་མར་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོར་བྱས་ཤིང་། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་12ཀྱིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་བློས་བཏང་སྟེ་འཕྲལ་མར་གཞིས་རྩེར་ལོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རམ་འདེགས་བྱས་པ་མ་ཟད། ད་དུང་ཧྲན་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་ལ་རིམས་འགོག་དངོས་ཟོག་དང་མ་དངུལ་བསྡོམས་སྒོར་ཁྲི་500ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།